《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月22日

ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་18ནས་20ཉིན་བར། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡུས་ཧྲའོ་ལེང་གིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། ཧྲང་ཧའེ་ཡིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་དང་སྦྲགས་བཞུགས་མོལ་ཚོགས་འདུར་ཡང་ཞུགས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག ཡུས་ཧྲའོ་ལེང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱིས་དུས་ཡུན་རིང་པོའི་ནང་ཧྲང་ཧའེ་ལ་རྒྱབ་སྐྱོར་རོགས་རམ་དང་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་ཏང་ཀྲུང་དབྱང་གིས་གཞིས་རྩེར་ཁ་གཏད་རོགས་སྐྱོར་བྱེད་རྒྱུའི་ལས་འགན་ཧྲང་ཧའེ་ལ་སྤྲད་གནང་བ་དེ་ནི་ཧྲང་ཧའེ་ལ་ཡིད་ཆེས་གནང་བ་ཞིག་ཡིན་ལ། དེ་བས་ཀྱང་ཧྲང་ཧའེ་ཡི་གཟི་བརྗིད་ཡིན། ཧྲང་ཧའེ་ཡིས་ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་དང་འགོ་འཛུགས་ས་གསར་པའི་ཐོག་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་དེ་བས་ཡག་པོ་སྒྲུབ་དགོས། གཞིས་རྩེའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུར་རམ་འདེགས་བྱས་ནས་ནང་སྐྱེས་ཀྱི་འཕེལ་རྒྱས་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་རོགས་སྐྱོར་དང་། ལས་ཞུགས་རོགས་སྐྱོར། རིག་གནས་དང་ཡུལ་སྐོར་རོགས་སྐྱོར་བཅས་གཏིང་ཟབ་ཏུ་གཏོང་བ། སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྒྲིག་ཆས་དང་ཐོན་སྐྱེད་ཀྱི་སྒྲིག་ཆས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་འཚོ་བ་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།

གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་སྤེལ་ཚུལ་གྱི་ངོ་སྤྲོད་གསན་རྗེས། ཡན་ཅིན་ཧའེ་ཡིས། ལོ་25ཡི་རིང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བོད་སྐྱོར་ཁྱབ་ཁོངས་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་བོད་སྐྱོར་གྱི་ནང་དོན་གཏིང་ཟབ་ཏུ་བཏང་བས་ལས་བྱེད་པ་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་མི་སྣ། ལག་རྩལ། ཐོན་ལས་བཅས་ཟུང་དུ་འབྲེལ་བའི་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་རྣམ་པ་ཞིག་ཆགས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་བདེ་བླག་ངང་འཚོགས་པ་མཚོན་རྟགས་སུ་བྱས་ནས་བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་ནས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་ཐོབ་ཡོད་ལ། འགྲན་སློང་དང་ལས་འགན་གསར་པའང་འཕྲད་ཡོད་ཅེས་གསུངས། ཁོང་གིས་ཧྲང་ཧའེ་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་ལ་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཕྱོགས་ཁག་གི་ལས་དོན་ལ་མཛུབ་ཁྲིད་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)