《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

“གསར་བརྗེའི་རྒྱང་བསྒྲགས”ལས་དུས་རབས་ཀྱི་དྲང་ནུས་བརྒྱུད་སྤྲོད་བྱེད་པ།

“གནམ་ནས་ཤ་བག་ལེབ་ཟགས་མི་སྲིད། དེ་ལས་གཡོ་སྒྱུའི་ནང་ཚུད་ཉེན་ཆེ་བས། ཚང་མས་རྒྱུས་མངའ་མེད་པའི་ཁ་པར་ཨང་གྲངས་དང་ཆ་འཕྲིན་ལ་དོགས་ཟོན་བྱས་ཏེ། ཁ་པར་ལམ་སེང་ཁ་འགོག་པ་དང་ཆ་འཕྲིན་མི་བསྐུར་བ་དང་། ཁ་བསླུས་རྒྱག་མཁན་ལ་གོ་སྐབས་སྤྲོད་རྒྱུ་མེད”ཅེས་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ། ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་རྒྱང་བསྒྲགས་ཆེན་པོའི་སྐད་སྒྲ་དུས་རྒྱུན་བཞིན་གྲོང་ཚོའི་ས་ཕྱོགས་གང་སར་ཁྱབ། དྲ་རྒྱའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་དང་ཏག་ཏག་འཁེལ་བས“ཉིན་དེ་དག་ནང་རྒྱང་བསྒྲགས་ཆེན་པོ་ལས་དྲ་རྒྱུའི་བདེ་འཇགས་དྲིལ་བསྒྲགས་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཀྱི་ཡོད”ཅེས་ཀླུ་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་བརྗོད།

“ཡར་སྔོན་གྲོང་ཚོའི་རྒྱང་བསྒྲགས་ཆེན་པོ་དེ་མང་ཚོགས་ཚོས་རྒྱལ་ཡོངས་ས་གནས་ཁག་གི་གསར་འགྱུར་ཤེས་རྟོགས་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་སའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཉེ་ལམ་ལོ་ཤས་རིང་། བརྙན་འཕྲིན་དང་ལག་ཐོགས་ཁ་པར། དྲ་རྒྱ་སོགས་ཕྱོགས་ཡོངས་ནས་དར་ཁྱབ་བྱུང་བ་དང་བསྟུན་ནས་གྲོང་ཚོའི་རྒྱང་བསྒྲགས་བེད་སྤྱོད་བྱེད་ཚད་ཀྱང་རིམ་བཞིན་ཉུང་དུ་ཕྱིན་ཡོད། གྲོང་སྡོད་ལས་བྱེད་པ་དང་ལས་དོན་རུ་མི་མང་པོས་ལག་ཐོགས་ཁ་པར་ནས་བརྡ་ཐོ་གཏོང་བ་དང་། སྐད་འཕྲིན་བརྒྱུད་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པས། སྐབས་འགར་དམངས་ཕན་སྲིད་ཇུས་ཁ་ཤས་ཇི་མ་ཇི་བཞིན་མང་ཚོགས་ཚང་མར་དྲིལ་བསྒྲགས་ཁྱབ་ཐུབ་མེད”ཅེས་ཉིང་ཁྲི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཅང་ཧུའེ་ཡིས་བརྗོད།

ཉིང་ཁྲི་གྲོང་རྡལ་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། གྲོང་རྡལ་ཡོངས་ཀྱི་གྲོང་ཚོ་ཁག་ཏུ་རྒྱང་བསྒྲགས་ཆེན་པོ་འཛུགས་པ་དང་། དེ་དྲང་ནུས་བརྒྱུད་སྤྲོད་དང་བརྗོད་དོན་གཙོ་བོ་དར་སྤེལ་གཏོང་སའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་རྒྱུའི་གཏན་འཁེལ་བྱས་པ་རེད། རིམ་རྩིས་ལྟར་ན། གྲོང་རྡལ་གྱིས་དངུལ་སྒོར་ཁྲི་20ཙམ་བཏང་ནས། 2019ལོར་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་9ཡི་རྒྱང་བསྒྲགས་ཁང་རིམ་སྤོར་སྒྱུར་བཀོད་བྱས་ཤིང་། གྲོང་ཚོ་ཁག་གི་རྒྱང་བསྒྲགས་ཁང་གི་སྒྲིག་ཆས་གསར་བརྗེ་དང་ཉམས་གསོ་བྱས་པ་དང་སྦྲགས། ཕྱི་ཁུལ་གྱི་LEDབརྙན་ཤེལ་སོགས་སྒྲིག་སྦྱོར་བྱས་པ་རེད། རིམ་སྤོར་སྒྱུར་བཀོད་བྱས་པ་བརྒྱུད། མིག་སྔར། “གསར་བརྗེའི་རྒྱང་བསྒྲགས”སྲིད་འཛིན་གྲོང་ཚོ་9ཀུན་ལ་ཁྱབ་སྟེ། ཕྱོགས་ཀུན་ལ་ཁྱབ་པ་དང་། དུས་དང་རྣམ་པ་ཀུན། དུས་ཚོད་ཡོད་ཚད་བཅས་ཀྱི་གྲོང་ཚོ་རིམ་པའི་རྒྱང་བསྒྲགས་མ་ལག་ཅིག་གྲུབ་ནས། གཞི་རིམ་གྱི་བསམ་བློ་རིག་གནས་དྲིལ་བསྒྲགས་ཀྱི་འཐབ་ས་བརྟན་དུ་ནུས་ལྡན་ཕྱིན་ཡོད་པ་རེད།

“མིག་སྔར། གྲོང་ཚོ་ཁག་གི་རྒྱང་བསྒྲགས་ཆེན་པོ་རྒྱུན་དུ་གྲགས་ལ། ཤེས་བྱ་བརྒྱུད་བསྒྲགས་བྱེད་ཁྱོན་ཆེ་རུ་ཕྱིན་ནས། དྲ་རྒྱའི་དཀྲོག་གཏམ་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་ཕྱིན་པ་དང་། ཏང་དང་མང་ཚོགས་དབར་གྱི་འབྲེལ་ཐག་དེ་བས་དམ་དུ་ཕྱིན་པ་མ་ཟད། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་དེ་བས་བརྟན་དུ་སོང་བ། གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་མིས་ལས་དོན་དེ་བས་སྤེལ་བདེ་རུ་སོང་ཡོད”ཅེས་ཉིང་ཁྲི་གྲོང་རྡལ་དྲིལ་བསྒྲགས་པུའི་ལས་དོན་མི་སྣ་ཁྲེན་ཏི་ཞུང་གིས་བརྗོད།

(ཟླ་བ་ཚེ་རིང་གིས་སྒྱུར་ཞུས་བྱས)