《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན།

—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ།

ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཤིང་། ཏང་ཨུད་ཀྱིས་གཙོ་ཁྲིད་དང་། ཀྲི་པུའུ་ཡིས་དམ་འཛིན། མང་ཚོགས་བྱེད་པོར་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་མཉམ་སྡེབ་དཔལ་འབྱོར་མེད་པ་ནས་དར་རྒྱས་སྟོབས་ཆེར་གཏོང་བའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི“རང་བརྟེན”ནུས་པ་ཆེ་རུ་བཏང་ཡོད། 2019ལོའི་ལོ་མཇུག་བར། གྲོང་ཚོ(གྲོང་ལྷན)64ཡི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་3107.5ཟིན་པའི་ནང་གྲོང་ཚོ(གྲོང་ལྷན)7གྱི་ལོའི་ཡོང་འབབ་སྒོར་ཁྲི་100ཡན་ཟིན་ཡོད་པ་རེད།

ཏང་ཨུད་ཀྱིས་གཙོ་ཁྲིད་བྱེད་པའི་རྨང་གཞི་བརྟན་པ།

བྲག་ཡིབ་ཆུས་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། དམ་འཛིན་ཏན་ཏིག་དང་ལས་དོན་ཁྲོད་དུ་དོན་འཁྱོལ་ལེགས་པོ་བྱས་པ་རེད།

ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་རིམ་རྩིས་བྱས་ན་ཐོན་ལས་རྣམ་གྲངས་196ལག་བསྟར་བྱས་པ་དང་། དབུལ་སྐྱོར་ཐོན་ལས་ཀྱི་མ་དངུལ་སྒོར་དུང་ཕྱུར་4དོན་འཁྱོལ་བྱས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་རྨང་གཞིའི་འགན་ལེན་རྒྱུན་མཐུད་ངང་བརྟན་དུ་བཏང་བ་རེད། རྫོང་དང་ཤང་གི་ཏང་སྲིད་ཚན་པའི་ཁོངས་མིས་གྲོང་ཚོ་འགན་གཙང་ལེན་པའི་འབྲེལ་གཏུག་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ་དང“སློབ་གསོ་འགན་ལེན་དང་། འཕེལ་རྒྱས་འགན་ལེན། བརྟན་ལྷིང་འགན་ལེན། ཞབས་ཞུ་འགན་ལེན། བཅོས་སྐྱོང་འགན་ལེན”བཅས་ལ་དམིགས་ནས་རྫོང་རིམ་པའི་འགོ་ཁྲིད་31གིས་ཤང་དང་གྲོང་རྡལ་6དང་། ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་84ཡིས་གྲོང་ཚོ་དང་དུད་ཚང་ཐད་ཀར་འགན་གཙང་བླངས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རོགས་སྐྱོར་དང་མཛུབ་ཁྲིད་བྱས་ཤིང་། ཆུས་ཨུད་ཀྱིས་གཙོ་ཁྲིད་བྱེད་པ་དང་། ཤང་དང་གྲོང་རྡལ་གྱི་གཙོ་འགན་འཁུར་བ། གྲོང་སྡེ་དང་སྡེ་ཁུལ་གྱིས་དམ་འཛིན་བཅས་ཀྱི་འགན་འཁྲིའི་མ་ལག་བཙུགས་པ་མ་ཟད། རོགས་སྐྱོར་གྱི་ཕན་འབྲས་དེ་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་སྒྲུབ་ཞུ་འབུལ་གྱི་དཔྱད་གླེང་ནང་དོན་ཁྲོད་བཅུག་སྟེ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་གྱི་ལས་འགན་ནས་ཆབ་སྲིད་ཀྱི་ལས་འགན་དུ་མཐོར་འདེགས་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་རེད།

ཀྲི་པུའི་འཛུགས་སྐྱོང་ལ་སྒུལ་ཤུགས་བསྣན་པ།

བྲག་ཡིབ་ཆུས་ཀྱིས་ཐོན་ལས་རྣམ་པའི་ཏང་ཀྲི་པུའི་འཛུགས་སྐྱོང་མངོན་གསལ་ཡོང་བར་བྱས་ནས། གྲོང་ཚོའི་ཏང་རྩ་འཛུཌ་ཀྱིས་ལས་ཀའི་གཙོ་གནད་དེ་ཁྱད་ལྡན་ཐོན་ལས་ལ་དམ་འཛིན་བྱ་རྒྱུ་དང་། ཕྱུག་འགྱུར་རྣམ་གྲངས་གཏོད་པ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་འཇོག་རྒྱུར་ཁྲིད་སྟོན་བྱས་ཤིང་། “ཕྱོགས་ལྔ་གཞི་གཅིག”གི་ལས་དོན་དང་ཟུང་འབྲེལ་གྱིས་གྲོང་ཚོ་ཁག་ལ“གྲོང་ཚོ་རེར་ཐབས་ཇུས་རེ”དང་ལོ་འཁོར་རེའི་འཆར་གཞི། ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་འགོད་བཅས་ཁག་200ལྷག་ཙམ་བཟོས་ཡོད། གྲོང་ཚོའི་ཏང་རྩ་འཛུགས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་266གཉེར་རྒྱུར་སྣེ་ཁྲིད་དང་རོགས་རམ་བྱས་པ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་3.5ཟིན་ནས་དུད་ཚང་3577གྱི་ཞིང་འབྲོག་མང་ཚོགས་14210མཉམ་ལས་ཁང་ནང་ཞུགས་རྒྱུར་སྣེ་ཁྲིད་བྱས་པ་དང་འབྲེལ། ཆེད་ལས་མཉམ་ལས་ཁང་དང་ཐོན་ལས་འཁོར་འབྲེལ་ཐད་ཏང་རྩ་འཛུགས་5བཙུགས་ནས་རྩ་འཛུགས་ཀྱི་ལེགས་ཆ་དབུལ་སྒྲོལ་འགག་སྒྲོལ་གྱི་སྒུལ་ཤུགས་སུ་བསྒྱུར་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

མང་ཚོགས་ཀྱི་གཙོ་ཁྲིད་ནུས་པ་རྒྱུན་མཐུད་ཐུབ་པ།

ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོས་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་ཐོན་ཁུངས་འདོན་སྤེལ་གང་ལེགས་ཀྱིས་མང་ཚོཌ་ཚང་མ་ཡུལ་སྐོར་ལས་རིགས་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཤིང་། 2019ལོར་སྐབས་བཅུ་བདུན་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། དཔལ་འབྱོར་ཡོང་འབབ་སྒོར་ཁྲི་320ལྷག་ཙམ་ཟིན་ཡོད། སྨན་རི་ཤང་མུག་ཏོག་གྲོང་ཚོས་ཡུལ་སྐོར་ལམ་ཐིག་ཏུ་གནས་པའི་ས་བབ་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས“ཏང་ཀྲི་པུའུ+མཉམ་ལས་ཁང+ཞིང་དུད”ཀྱི་བྱེད་ཐབས་སྤྱད་པ་དང་། མང་ཚོགས་སྐུལ་སློང་བྱས་ཏེ་ས་ཞིང་མ་རྐང་ནང་ཞུགས་པ་དང་མེ་ཏོག་མུའུ་150ལྷག་ཙམ་འདེབས་འཛུགས་བྱས་པ་མ་ཟད། གླིང་ཁུལ་དུ་མེ་ཏོག་གླིང་ཁ་དང་། ཞིང་ཞོར་ཐོན་ཟོག་འཐུ་བ། མདའ་འཕེན་པ་སོགས་ཀྱི་རྣམ་གྲངས་གཉེར་ནས། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་ཡོད། གླིང་ཁུལ་བཙུགས་པ་ནས་བཟུང་ཉིན་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་500ཙམ་ཟིན་པ་དང་། རིམ་རྩིས་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་30ལྷག་ཙམ་བྱུང་ཞིང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་50ཡོང་རྒྱུ་རེད།

(ཟླ་བ་ཚེ་རིང་གིས་སྒྱུར་ཞུས་བྱས)