《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月21日

རྒྱལ་རྩེ་རྫོང་གིས་གཞི་རིམ་བཅོས་སྐྱོང་གི“དབང་རྩའི་རྩེ”ནས་ཡག་པོ་བཟུང་པ།

དྲ་མིག་ཏུ་གྲུབ་ནས་ཞབས་ཞུའི་ལས་ཆོད་ཆེ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རྒྱལ་རྩེ་རྫོང་གིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་པ་དང་། གྲོང་ཚོའི(གྲོང་ལྷན)“དྲ་མིག་ཅན”གྱི་དོ་དམ་ཁྱབ་གདལ་བཏང་སྟེ“རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་། རིམ་པ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན། མཉམ་དུ་ཞུགས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ”བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ནས། མང་ཚོགས་སྒྲིག་འཛུགས་དང་། སྐུལ་སློང་། གཅིག་སྒྲིལ་བཅས་ཐུབ་སྟེ། ཏང་འཛུགས་སྐྱོང“མཐའ་མའི་འགག་གནད”བར་སྣུར་སྲིང་བྱས་པ་དང་གཞི་རིམ་བཅོས་སྐྱོང་གི“དབང་རྩའི་རྩེ”ནས་ཡག་པོ་བཟུང་པ་རེད།

དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ། རྒྱལ་རྩེ་རྫོང་གི་གྲོང་ཚོ(གྲོང་ལྷན)155ཡིས“ལས་འགན་འདྲ་པོ་དང་། དོ་དམ་སྟབས་བདེ། དབྱེ་མཚམས་གསལ་པོ”བཅས་ཀྱི་རྩ་དོན་ལྟར་གྲོང་ཚོའི(གྲོང་ལྷན)ཁོངས་གཏོགས་ཀྱི་དུད་ཚང་བསྡོམས་འབོར་དང་། མི་གྲངས་བསྡོམས་འབོར། ས་གཤིས་བཀོད་པ། ད་ལྟའི་དོ་དམ་སོགས་དངོས་ཡོད་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། གནས་སའི་ས་ཁོངས་དྲ་མིག་དབྱིབས་ཀྱི་ཚན་པ་དུ་མར་ཕྱེ་ནས། ས་ཁོངས་ཁ་གསལ་དང་། ཕྱོགས་ཡོངས་ལ་ཁྱབ་པ། ཁོངས་གཏོགས་གསལ་པོ་བཅས་ཀྱི་དྲ་མིག་ཅན་གྱི་རྣམ་པ་ཆགས་པ་དང་། ཕྱོགས་མང་ཞུགས་པའི་དྲ་མིག་འགན་འཁུར་བའི་དཔུང་ཁག་བཙུགས་ཏེ། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིས་དྲ་མིག་གི་སྤྱི་འགན་འཁུར་བ་དང་། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་གཞན་དག་གིས་དྲ་མིག་གི་དྲ་དཔོན་བྱེད་པ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའམ་ཡང་ན་ཞིང་འབྲོག་པ་ཏང་ཡོན་གྱིས་དྲ་མིག་གི་ཙུའུ་ཀྲང་བྱས་ནས“དྲ་མིག་གི་སྤྱི་འགན་འཁུར་མཁན་དང་། དྲ་མིག་གི་དྲ་དཔོན། དྲ་མིག་གི་ཙུའུ་ཀྲང་། ཞིང་འབྲོག་མང་ཚོགས་བཅས་མཉམ་འབྲེལ་གྱི”ཏང་དང་མང་ཚོགས་ཀྱི་མཉམ་སྤྱོད་རྣམ་པ་ཞིབ་ཚགས་གྲུབ་པ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོས་པ་དང་ལས་ཀའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ“མི་ཚོགས་དྲ་མིག་ནང་དོ་དམ་དང་བྱ་བ་དྲ་མིག་ནང་སྒྲུབ་པའི”ལས་ཀའི་རྣམ་པ་གྲུབ་ནས་གནད་སྨིན་ཅན་གྱི་སྤྱི་ཚོགས་བཅོས་སྐྱོང་ལག་བསྟར་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

དྲ་མིག་ཅན་གྱི་དོ་དམ་ལམ་སྲོལ་བཙུགས་ཏེ་གཞི་རིམ་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་པ། སྐར་གསོག་ལམ་ལུགས་ཀྱི་དོ་དམ་གསར་གཏོད་བྱས་ཏེ་བཏོན་པ་དང“ཕྱོགས་གཉིས”ཀྱིས་སྐར་མ་རྒྱག་པའི་ལམ་ལུགས་ལག་བསྟར་བྱས་པ་སྟེ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་གྲོང་ཚོའི་ལས་བྱེད་པ་གཞན་དག་ལ་སྐར་མ་རྒྱག་པ་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་དང་དུད་ཚང་རེའི་མང་ཚོགས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་སྐར་མ་རྒྱག་པ། གྲོང་ཚོའི་ལས་བྱེད་པས“གཉིས་ལྡན་དུད་སྦྲེལ”ལམ་ཡང་ན་ཞིང་འབྲོག་པ་ཏང་ཡོན་ལ་སྐར་མ་རྒྱག་པ། “གཉིས་ལྡན་དུད་སྦྲེལ”དང་། ཞིང་འབྲོག་པ་ཏང་ཡོན། དུད་ཚང་རེའི་མང་ཚོགས་བཅས་ཀྱིས་གྲོང་ཚོའི་ལས་བྱེད་པར་སྐར་མ་རྒྱག་པ། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའམ་ཡང་ན་ཞིང་འབྲོག་པ་ཏང་ཡོན་གྱིས་དུད་ཚང་རེའི་མང་ཚོགས་ལ་སྐར་མ་རྒྱག་པ། དུང་ཚང་རེའི་མང་ཚོཌ་ཀྱིས“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིའམ་ཡང་ན་ཞིང་འབྲོག་པ་ཏང་ཡོན་ལ་སྐར་མ་རྒྱག་པ། དེ་ནས་སྐར་མའི་འབྲས་བུ་དེ་གྲོང་ཚོའི་ལས་བྱེད་པའི་ལོ་འཁོར་གྱི་སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས་ཞིབ་དཔྱད་ཀྱི་གཞི་འཛིན་ས་དང་། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”དང་། “ལྔ་བཟང་ཤེས་དཔལ་ཚན་པ” “སྐར་རིམ་ཡ་རབས་དུད་ཚང”བཅས་ལ་དཔྱད་འདེབས་བྱེད་པའི་གཞི་འཛིན་སར་བརྩིས་ཏེ་གྲོང་ཚོའི་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་གྲོང་ཚོ(གྲོང་ལྷན)བཅོས་སྐྱོང་ནང་ཞུགས་པའི་ཧུར་སེམས་འཕེལ་བ་བྱས་ཡོད།

དྲ་མིག་ཅན་གྱི་དོ་དམ་བྱེད་སྟངས་གསར་གཏོད་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་བ། དྲ་མིག་ཚན་པ་དབྱེ་ནས་སྐད་འཕྲིན་ཚོགས་པ་བཙུགས་པ་དང་མང་ཚོགས་ལ་འཕྲད་པའི་དཀའ་གནད་དུས་ཐོག་ཏུ་སྐད་འཕྲིན་ཚོགས་པར་བསྐུར་ཆོག་པ་དང་། དྲ་མིག་གི་དྲ་དཔོན་དང་ཙུའུ་ཀྲང་གིས་གནད་དོན་འཕྲལ་མར་ཤེས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་པར་སྐྱོད་ཆོག་པ། ཐག་གཅོད་བྱས་རྗེས་སྒྲུབ་གཉེར་བརྒྱུད་རིམ་སྟབས་བདེ་ཞིག་བྲིས་ནས་སྐད་འཕྲིན་ཚོགས་པའི་ནང་བསྐུར་ཆོག་པ་དང་མང་ཚོགས་ཀྱི་གདེང་འཇོག་དང་ལེན་བྱེད་ཆོག་གི་ཡོད་པ་རེད།