《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱས་ནས་དམངས་ཕྱུག་བོད་དར་གྱི་གོམ་སྟབས་མགྱོགས་སུ་གཏོང་ཐབས་སྐོར་གླེང་བ།

བོད་ལྗོངས་ནི་མི་རིགས་མང་པོ་མཉམ་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་ཞིང་། བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མི་འདྲ་བ་45ཙམ་འདུས་སྡོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད། གྲུ་ཡི་སྟོབས་ཤུགས་ནི་གྲུ་གཡོར་ལ་རྟེན་དགོས་པ་དང་མི་ཡི་སྟོབས་ཤུགས་ནི་སེམས་ལ་གནས་ཡོད། མི་རིགས་མཐུན་སྒྲིལ་གྱི་འགག་རྩ་ནི་ཕན་ཚུན་བློས་འགེལ་རེས་བྱེད་པ་དེ་ཡིན་ཞིང་། མི་རིགས་ཁག་གི་སྤུན་ཟླས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཏེ་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས”ཞེས་གསུངས་གནང་ཡོད། 2020ལོའི་ཟླ་1ཚེས་11ཉིན། ལྷ་ས་མི་དམངས་ཚོགས་ཁང་དུ་འཐུས་མི་ཚོས་དགའ་བསུ་ཞུས་པའི་སྒྲའི་ཁྲོད་དུ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། དེ་ནི་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གསར་འཛུགས་བྱེད་པ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་དང་། བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན། འབྱོར་ཕྱུག དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ཡིན་ཞིང་། དེས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་གྱི་གཟི་བརྗིད་དང་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་ལ་འགན་ལེན་གལ་ཆེན་བྱེད་ཀྱི་ཡོད། དེར་བརྟེན་《སྲོལ་ཡིག》འདིའི་ནང་དོན་ལས་དམངས་ཕྱུག་བོད་དར་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། བོད་ཀྱི་དོན་དངོས་གནས་ཚུལ་དང་འབྲེལ་བ་ཆེན་པོ་ཡོད་པའི་ནང་དོན་གཉིས་ནས་དམངས་ཕྱུག་བོད་དར་སྐོར་གྱི་ཐབས་ལམ་བརྗོད་པར་སྤྲོ།

གཅིག མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཐོན་ལས་སྔོག་འདོན་དང་གསར་གཏོད་བྱས་ནས་དམངས་ཕྱུག་བོད་དར་ལ་སྐུལ་འདེད་གཏོང་དགོས།

བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེར་གནས་པ་དང་། ས་བབ་མཐོ་ཞིང་། གསོ་རླུང་དཀོན་པ་དང་། ཁོར་ཡུག་ཞན་པ་སོགས་ཀྱི་རྐྱེན་པས་བཟོ་ལས་ཆེ་གྲས་འཕེལ་རྒྱས་གཏོང་བར་མི་འཚམ་ཞིང་། ཕྱོགས་གཞན་ནས་བཤད་ན་བོད་ལྗོངས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་གི་རྟེན་གཞི་གལ་ཆེན་ཞིག་ཡིན་སྟབས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད། མེས་རྒྱལ་གྱི་མི་རིགས་ཁག་དང་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པ་བརྒྱུད་འོད་སྟོང་འཕྲོ་བའི་རིག་གནས་བཏོད་ནས་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ལྷག་པར་དུ་བོད་མི་རིགས་ལ་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། དེ་དག་ལ་ས་ཁོངས་ཀྱི་ཁྱད་ཆོས་དང་ལྐོག་གྱུར་གྱི་རང་བཞིན་ངེས་ཅན་ལྡན་པས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་ནོར་བུ་ངོ་མཚར་ཅན་ཞིག་རེད། དཔེར་ན། བོད་ལྗོངས་ཀྱི་གེ་སར་སྒྲུང་ནི་མིག་སྔར་འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས་ཡིན་པ་དང་། དེ་དང་ཧཱ་མའི་ལོ་རྒྱུས་སྙན་ངག་གི་མི་འདྲ་བའི་ཕྱོགས་ནི་གེ་སར་གྱི་སྒྲུང་པ་གསར་པ་ཐོན་པ་ན། ནང་དོན་ཡང་རྒྱུན་ཆད་མེད་པར་གསར་པ་མང་པོ་བྱུང་བས། རྩོམ་རིག་བརྩམས་ཆོས་གཞན་གྱི་སྔར་ཡོད་ཀྱི་བཀག་རྒྱའི་རང་བཞིན་གྱི་ཚད་ལས་བརྒལ་ཡོད།

བོད་ཀྱི་ཐང་གའི་རིག་གནས་ལ་ཉར་ཚགས་ལོངས་སྤྱོད་ཀྱི་རིན་ཐང་། ལོ་རྒྱུས་ཀྱི་རིན་ཐང་། བེད་སྤྱོད་ཀྱི་རིན་ཐང་བཅས་ལྡན་པ་མ་ཟད། ད་དུང་འཁྲབ་སྟོན་གྱི་རིན་ཐང་ངེས་ཅན་ཞིག་ཀྱང་ལྡན་ཡོད། དེས་ན་ང་ཚོས་ཐང་གའི་རིན་ཐང་འདི་དག་བེད་སྤྱོད་གང་ལེགས་བྱས་ཏེ། ཐང་གའི་གྲུབ་མཐའ་མི་འདྲ་བ་དང་ས་ཁོངས་མི་འདྲ་བར་གཞིགས་ནས་ཐང་གའི་དམངས་སྲོལ་རྟེན་རྫས་བཤམས་མཛོད་ཁང་སོགས་བཙུགས་ནས། ཀྲུང་ཧྭའི་རིག་གནས་ཀྱི་ཆ་ཤས་ཡིན་པའི་བོད་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ཀྱི་མི་མངོན་པའི་གསར་སྤེལ་གྱི་ནུས་པ་སྔོག་འདོན་གཏིང་ཟབ་དང་ཞིབ་འཇུག་ལེགས་པོ་བྱས་ཚེ། དམངས་ཕྱུག་བོད་དར་ལ་དཔལ་འབྱོར་གྱི་ཕན་འབྲས་ངེས་ཅན་ཐོན་ཐུབ་པ་མ་ཟད། མི་རིགས་ཁག་གི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་འབྲེལ་ཟམ་ཡང་སྐྲུན་ཐུབ་ཅིང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བ་དང་འབྲེལ་ཡོད་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྐུལ་འདེད་གཏོང་ཐུབ་ལ། མི་རིགས་ཁག་གི་རིག་གནས་ཐད་ཕན་ཚུན་རོལ་མྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་ཐུབ།

གཉིས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་གསར་སྤེལ་བྱས་ནས་དམངས་ཕྱུག་བོད་དར་ལ་སྐུལ་འདེད་གཏོང་དགོས།

བོད་ལྗོངས་ནི་རི་བོ་མང་བའི་ས་ཁུལ་ཞིག་ཡིན་ལ། རྒྱལ་ཡོངས་ཀྱི་ཆུ་བོའི་འབྱུང་ཁུངས་གཙོ་བོ་དང་། ཨེ་ཤ་ཡ་ཤར་མའི་གནམ་གཤིས་སྙོམས་སྒྲིག་ཁུལ་ཡང་རེད། མིག་སྔར་རྒྱལ་ཡོངས་སུ་སྣོད་བཅུད་ནུས་པའི་ཁུལ་25ཡོད་པ་ལས། བོད་དུ་ཁུལ་གཉིས་ཡོད་པས། བོད་ཀྱི་སྣོད་བཅུད་ཁོར་ཡུག་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད། དེས་ན་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་ཆེད་དུ་འཕེལ་རྒྱས་དོན་གཉེར་བྱེད་པ་ཙམ་མ་ཡིན་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་ཆེད་དུ་རེད།

དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་དུས་མང་པོར“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན”ཞེས་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་ལ་ནན་བཤད་མང་པོ་གནང་ཡོད་ཅིང་། བོད་ཀྱི་དམིགས་བསལ་ས་བབ་ཆ་རྐྱེན་འདི་དག་ཡུལ་སྐོར་ལས་རིགས་ཀྱི་ཐོན་ལས་གཙོ་གྲས་ཤིག་ཏུ་གྱུར་ཡོད། གལ་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་ལས་རིགས་ཟུང་འབྲེལ་བྱས་ཏེ། ཁྱད་ཆོས་ལྡན་པའི་གནའ་གྲོང་དང་། ཁྱད་ཆོས་ལྡན་པའི་དམངས་སྲོལ་གྲོང་ཚོ། ཁྱད་ཆོས་ལྡན་པའི་རིག་གནས་སྲང་ལམ་སོགས་དམིགས་བསལ་ཁྱད་ཆོས་ལྡན་པའི་མཛེས་ལྗོངས་རྣམས་ཡུལ་སྐོར་ལས་རིགས་ལ་གསར་སྤེལ་བྱས་ཡོད། གཞན་ཡང་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་དག་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་ལྷད་མེད་ཐོན་རྫས་གསར་སྤེལ་བྱས་ཏེ། ཡུལ་སྐོར་བའམ་འཛད་སྤྱོད་པར་ཕྱིར་ཚོང་བྱེད་དགོས་པ་སྟེ། དཔེར་ན། ནས་ཕྱེའི་ཐུག་པ་དང་། ནས་ཆང་། བོད་རག སྲོལ་རྒྱུན་བོད་བྱའི་སྒོ་ང་། བོད་ཕག་གི་ཤ ཚགས་ཤ་བསྲེགས་མ། དབྱར་རྩྭ་དགུན་འབུ་སོགས་དམིགས་བསལ་གྱི་ཐོན་རྫས་ཚོང་གཉེར་བྱས་ཏེ་དམངས་ཕྱུག་བོད་དར་ཡོང་བར་བྱེད་དགོས།

མདོར་ན་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ཁོ་ནའི་འོག་བོད་ཀྱི་མི་རིགས་ཁག་གིས་མི་དམངས་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཚེ། གཞི་ནས་བོད་ལྗོངས་སྟོབས་འབྱོར་མངའ་ཐང་རྒྱས་ཐུབ་པ་དང་། མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་ཐུབ་ལ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས། ད་གཟོད་མཛེས་སྡུག་དང་། འཆམ་མཐུན། བདེ་སྐྱིད་བཅས་ལྡན་པའི་བོད་ལྗོངས་གསར་པ་སྐྲུན་ཐུབ་པ་དང་། བོད་ལྗོངས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དུ་སྐྲུན་ཐུབ་བོ།

(བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྲིད་འཛིན་སློབ་གྲྭའི་བསོད་ནམས་མཚོ་མོ)