《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ཉུང་མ་ཆུང་ཆུང་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་བ།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་ལྡིང་གྲོང་ཚོའི་ཞིང་ནང་དང་མུ་ཁར་སྐྱོད་སྐབས་སྔོ་ཐིང་ཐིང་དང་བྲེལ་བརྩོན་གྱི་ལོ་ལེགས་རྣམ་པ་ཞིག་འཕྱུར། ཡུལ་མི་ཚོས་དྲིན་སྐྱོང་ལྡུམ་རའི་སྡེ་ཁུལ་གྱི་ཀྲུའུ་རེན་ཚེ་རིང་བག་གྲོའི་བཀོད་སྒྲིག་ལྟར་ཞིང་ནང་དང་མུ་ཁར་ཉུང་མ་འཐུ་བ་དང་ལ་ལས་འདེམས་སྒྲུག་རྒྱག་པ། ལ་ལས་ཕྱི་ཕྱོགས་སུ་དབོར་བ་ལ་སོགས་ཚང་མའི་ངོ་གདོང་ནས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་མཆིས།

“ང་ཚོས་སྔ་དྲོའི་ཆུ་ཚོད་9པ་ནས་བཟུང་ཉུང་མ་བཀྲུས་ཏེ་ད་བར་སྣོད་ཕད་བཅུ་ལྷག་ཙམ་བཀྲུས་ཟིན། མ་གཞི་དཀའ་ངལ་ཆེ་ཙམ་འདུག་མོད། འོན་ཀྱང་ཉིན་རེར་གླ་ཆ་སྒོར་150ཡོད་པས་ཚང་མ་བློ་ཡིད་ཚིམས་པོ་ཡོང་གི་འདུག”ཉུང་མ་འཁྲུད་བཞིན་པའི་བུ་ཆུང་ནི་དེ་སྔ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ངར་ནང་ཤང་གི་གྲོང་མི་ཡིན་པ་དང་2016ལོར་ལྷ་ས་གྲོང་ཁྱེར་གྱིས་ལག་བསྟར་བྱས་པའི་ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་གྱི་སྲིད་ཇུས་འོག་ཁྱིམ་མི་ཚང་མ་དྲིན་སྐྱོང་ལྡུམ་རའི་སྡེ་ཁུལ་དུ་སྤོས། བུ་ཆུང་གི་ཁྲག་ཤེད་མཐོ་པོ་ཡོད་རྐྱེན་ཕྱི་ཕྱོགས་སུ་གླ་པ་རྒྱུག་པར་འགྲོ་སྟབས་བདེ་པོ་མེད་སྟབས་སྡེ་ཁུལ་གྱི་ལས་དོན་པའི་རོགས་རམ་འོག་སྡེ་ཁུལ་གྱི་གྲོང་ཁྱེར་ནགས་ལས་དབུལ་སྐྱོར་གནས་སྤོའི་དམངས་ཕན་ལྗང་མདོག་ཚད་ཡོད་ཀུང་སིར་ལས་ཀར་ཕྱིན་ནས་ལས་ཞུགས་འབབ་འཕར་མངོན་འགྱུར་བྱུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉུང་མ་ནི་སྨན་རྫས་དང་བཟའ་བཅའ་གཅིག་གོ་གཉིས་ཆོད་ཀྱི་རྩི་ཤིང་ཞིག་ཡིན་པ་དང་ཐོན་རྫས་སྣ་ཚོགས་བཟོ་བ་ཕུད་ད་དུང་བཞོན་མའི་འཇུ་བྱེད་ཡག་ཏུ་གཏོང་བ་དང་། བེའུ་ཡི་ས་མཐོ་མི་འཕྲོད་པ་སྔོན་འགོག་དང་ནད་འགོག་ནུས་པ་ཆེ་རུ་གཏོང་ཐུབ་པས་བཞོན་མའི་ཁྱུ་ཚོགས་མང་དུ་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། དེར་བརྟེན་གྲོང་མི་ཚོས་གཙང་མ་བཀྲུས་པའི་ཉུང་མ་དེ་དག་གར་པ་སྣོད་བཅུད་འབྲོག་ར་དང་ཚད་གཞི་མཐོ་བའི་བཞོན་མ་གསོ་སྤེལ་རྟེན་གཞིར་བསྐྱལ་ནས་ལས་སྣོན་བྱེད་པ་དང་བཙོས་ཏེ་སྐམ་ནས་བཞོན་མའི་གསོ་སྤེལ་གྱི་གཟན་ཆག་བཟོ་བའི་མ་བཅོས་རྒྱུ་ཆ་བྱེད་ཀྱི་ཡོད་པ་རེད།

ཕྱུག་འགྱུར་སྣེ་ཁྲིད་པའི་ཁྲིད་སྟོན་དང་དུད་ཚང་དབུལ་པོ་སྣེ་ཁྲིད་དེ་རྒྱུན་མཐུད་འབབ་འཕར་དང་། དབུལ་སྒྲོལ་བརྟན་པོ། དབུལ་པོ་རང་ལོག་སྔོན་འགོག་བཅས་བྱེད་པར་ནུས་པ་གལ་ཆེན་འདོན་ཆེད་དྲིན་སྐྱོང་ལྡུམ་རའི་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཚེ་རིང་བག་གྲོས་རྒྱལ་ཁབ་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྡེ་ཁུལ་གྱི་ལས་དོན་མི་སྣའི་རོགས་རམ་འོག་སྡེ་ཁུལ་གྱི་གྲོང་མིའི་སྣེ་ཁྲིད་དེ་ལོ་གསར་གྱི་སྡེར་ཁ་བཟོ་ཁང་གཉེར་སྐྱོང་དང་རྒྱལ་རྩེའི་གླ་ཚེར་འདེབས་འཛུགས་བྱས་པ་དང་མིག་སྔར་སླར་ཡང་ཉུང་མ་བསྡུ་བའི་ལས་དོན་འགན་གཙང་བླངས་པ་རེད།

“འདི་ལོའི་ཟླ་8པའི་ཟླ་འགོར་ངེད་ཚོ་དྲིན་སྐྱོང་ལྡུམ་རའི་སྡེ་ཁུལ་གྱིས་ཁྲེང་ཀོན་ཆུས་ས་གཙང་ཀུང་སིས་འདི་ལོ་བཏབ་བའི་ཉུང་མ་མུའུ་265འཐུ་བ་དང་། འཁྲུ་བ། དབོར་བ་སོགས་ཀྱི་ལས་འགན་འགན་གཙང་བླངས་པ་དང་འབྲེལ་ལས་དོན་དེ་དག་སྡེ་ཁུལ་གྱི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་68ཀྱི་གྲོང་མིར་བགོས་ཏེ་ཁོང་ཚོས་ངལ་རྩོལ་བྱས་པ་བརྒྱུད་ཡོང་འབབ་གསོག་ཐུབ་ཡོད”ཅེས་ཚེ་རིང་བག་གྲོས་ངོ་སྤྲོད་བྱས།

“ད་ཐེངས་འབབ་འཕར་བྱུང་བའི་སྒོར་ཁྲི་25དེ་དག་ང་ཚོས་སྤྲད་རྗེས་དེ་བྱིངས་རྣམས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་མ་དངུལ་ནང་འཇོག་རྒྱུ་དང་ལོ་གསར་རྗེས་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ལ་བགོ་རྒྱུ་ཡིན། གོམ་སྟབས་རྗེས་མར་ང་ཚོས་ཏང་དང་སྲིད་གཞུང་གི་དབུལ་སྒྲོལ་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་དབུལ་སྒྲོལ་རྣམ་གྲངས་དེ་བས་ལེགས་པ་གཉེར་སྐྱོང་བྱས་ཏེ་གྲོང་མི་མང་ཚོགས་ལ་ཐག་ཉེ་སར་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། ངེད་དྲིན་སྐྱོང་ལྡུམ་རའི་སྡེ་ཁུལ་གྱི་གྲོང་མི་ཡོངས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འབྱོར་འབྲིང་ལམ་བུར་མཉམ་དུ་བསྐྱོད་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད”ཅེས་ཚེ་རིང་བག་གྲོས་ཡིད་ཆེས་ཆེན་པོས་བཤད།