《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

ཁོར་ཡུག་མཛེས་ཤིང་གཙང་། སེམས་པ་ཡངས་ཤིང་སྐྱིད་།

—— མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བའི་སྐོར་བཀོད་པ །

ལོ་རྒྱུས་ཡུན་རིང་ལྡན་པའི་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་དུ་སྐྱོད་སྐབས། འཇམ་ཐིང་ངེར་གནས་པའི་གྲོང་ཚོ་དང་། གྱང་དཀར་པོ་དང་ཐོག་དམར་པོས་བརྒྱན་པའི་ཐོག་ཁང་། རྡུལ་ཙམ་ཡང་མ་འགོས་པའི་སྒོ་ར་སོགས་ལས་གྲོང་གསེབ་ཀྱི་ཡུལ་ལྗོངས་རི་མོ་ལྟར་སྣང་། གྲོང་ཚོ་ཧྲིལ་པོ་རི་ཁྲོད་དང་ལང་ལོང་གཡོ་བའི་ཞོགས་པའི་སྨུག་པའི་ཁྲོད་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད།

བཀྲ་ཤིས་སྒང་ཤང་ཙམ་མ་ཟད། ད་ཆ་མལ་གྲོ་གུང་དཀར་རྫོང་གི་ཤང་གྲོང་ཁག་གི་ཁོར་ཡུག་ཀྱང་ཡིད་དུ་འོང་བ་སྟེ། རི་མོ་བྲིས་པ་ལྟར་མཛེས་སྡུག་ལྡན་ཞིང་། རྒྱང་རིང་ནས་བལྟས་ཚེ་ཚང་མ་ཡུལ་ལྗོངས་ལྟར་སྣང་།

མཛེས་སྡུག་ལྡན་པའི་གྲོང་གསེབ་ལ་ཡིད་དབང་འཕྲོག་ཤུགས་དེ་བས་ཆེ་བ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་མི་རྣམས་སྡོད་རྒྱུར་དེ་བས་འཚམ་པ་ཡོད། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས“ཞིང་གསུམ”ལས་དོན་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རང་སྐྱོང་ལྗོངས་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ཚོད་ལྟའི་རྫོང་གི་ལས་དོན་དང་ཟུང་འབྲེལ་བྱས་ནས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་གྲོང་གསེབ་གསར་པ་སྐྲུན་པའི་ནང་དོན་གལ་ཆེན་དུ་བརྩི་བ། ལྷུ་ཚིགས་མང་པོ་ནས་འགོ་འཛུགས་པ། “གཙང་མ་དང་། ལྗང་མདོག ཤར་བགྲོད། མཛེས་པ”བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པ་བཅས་བྱས་ནས། གྲོང་མིའི་བདེ་སྐྱིད་སྟོན་གྲངས་ཕྱོགས་ཡོངས་ནས་མཐོ་རུ་བཏང་བས། “རྒྱལ་ཡོངས་སྣོད་བཅུད་འཛུགས་སྐྱོང་གི་ལེགས་སྐྱེས་མངོན་གསལ་དོད་པའི་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་ཡོད།

གསར་འགོད་པ་དང་བཅས་པ་རླངས་འཁོར་ལ་བསྡད་དེ་དག་པ་གྲོང་ཚོའི་ཕག་རྭ་ཚོགས་ཆུང་དུ་བསྐྱོད་པ་དང་ཕག་ར་ཚོགས་ཆུང་མལ་གྲོ་གུང་དཀར་རྫོང་གྲོང་ཤར་ངོས་ཀྱི་སྤྱི་ལེ་2ཙམ་གྱི་སར་དང་རྒྱལ་ལམ་318རྒྱུད་དུ་གནས་པ་དང་འགྲིམ་འགྲུལ་སྟབས་བདེ་པོ་ཡོད། གྲོང་ཚོར་སྐྱོད་སྐབས་ཤང་གྲོང་གི་མཁྲེགས་འགྱུར་གཞུང་ལམ་དང་། འགྲོ་ལམ་གྱི་གཡས་གཡོན་གཉིས་སུ་ཡོད་པའི་ཉི་ནུས་ལམ་སྒྲོན། སྒོ་རའི་ནང་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ནས་གཙང་ཞིང་གྲལ་སྟར་འགྲིག་པའི་རྣམ་པ་ཞིག་མིག་ལམ་དུ་འཆར་འོང་།

གྲོང་ཚོའི་ལུས་རྩལ་སྤྲོ་གསེང་ཁུལ་དུ་གྲོང་མིས་ཁ་བརྡ་གློད་ཞོར་དུ་སྦྱོང་བརྡར་བྱས་ཤིང་། ཕག་རྭ་ཚོགས་ཆུང་གི་འཕྲིན་ལས་བཟང་པོ་ནི་ཁོང་ཚོའི་ཁྲོད་ཀྱི་གྲས་ཤིག་རེད། ད་ཆ་ལོ་63ལ་སླེབས་པའི་ཁོང་གིས་གྲོང་ཚོའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་ཞིང་། ད་ཆའི་འཚོ་བ་གསར་པའི་སྐོར་གླེང་སྐབས་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། “སྔོན་ཆད་གྲོང་ཚོར་ལམ་ཡག་པོ་དེ་འདྲ་མེད། དབྱར་ཁར་འགྲོ་ལམ་ཆུ་ཡིས་འགག་ནས་ཕྱིར་སྐྱོད་སྐབས་སྟབས་བདེ་པོ་མེད། ད་ལྟ་ཨར་འདམ་ལམ་བཏིང་པས་མཐའ་འཁོར་གྱི་ཁོར་ཡུག་ལེཌ་སུ་ཕྱིན་པ་མ་ཟད། གང་སར་ལྗོན་ཤིང་གིས་ཁེངས་ནས་སྔོ་ཐིང་ཐིང་དུ་གྱུར་ཡོད། སྒོ་རའི་ནང་མེ་ཏོག་དང་རྩྭ་རྩི་ཤིང་ཡོད་པས་སྐྱིད་སྣང་དོད་པ་ཞིག་ཡོད། དེ་དང་ཆབས་ཅིག་གྲོང་ཚོར་ལུས་རྩལ་སྒྲིག་ཆས་ཡོད་པས་ང་ཚོས་སྔ་དགོང་ཚང་མར་ལུས་སྦྱོང་བྱེད་པར་འགྲོ་གི་ཡོད”ཅེས་གྲོང་མི་འཕྲིན་ལས་བཟང་པོས་བཤད།

སྡོད་མལ་ཁོར་ཡུག་ལེགས་བཅོས་བྱས་པ་དེས་གྲོང་མི་རྣམས་བློ་བདེ་བག་ཕེབས་ངང་སྡོད་ཐུབ་པ་མ་ཟད། གྲོང་ཚོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་གཏོང་ཐུབ་ཡོད། མིག་སྔར་ཕག་རྭ་ཚོགས་ཆུང་གིས་ཡུལ་སྐོར་ཀུང་སི་ཞིག་དང་མིང་རྟགས་བཀོད་པ་དང་། ཡུལ་སྐོར་ཀུང་སི་དེས་ས་གནས་དེ་གའི་གྲོང་མི་5གཙང་སྦྲ་དང་། བདེ་སྲུང་། གླིང་ཁའི་ཞབས་ཞུ་བ་བཅས་སུ་བཀོད་སྒྲིག་བྱས་ཡོད། ད་དུང་མང་ཚོགས་དུད་ཚང་15ཡི་སྡོད་ཁང་གཡར་ནས་དམངས་སྲོལ་ཉམས་ལེན་ཁང་བཟོས་ཏེ། 2019ལོར་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་40ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པས་གྲོང་མིར་ཡུལ་སྐོར་གྱི་ཡོང་འབབ་ཐོབ་པར་བྱས་ཡོད། ད་ཆ་ཕག་རྭ་ཚོགས་ཆུང་དུ་ཉིན་ལྟར་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད། ཡུལ་སྐོར་བ་ཙེང་ཧུའེ་ཡིས“ང་བོད་དུ་ཡོང་ཐེངས་གཉིས་པ་ཡིན། ཐེངས་དང་པོ་ནི་ལོ་བཅུའི་སྔོན་ལ་རེད། ད་ཐེངས་ཡུལ་སྐོར་དུ་ཡོང་ནས་འདི་གར་འཕོ་འགྱུར་ཧ་ཅང་ཆེན་པོ་ཕྱིན་འདུག གྲོང་ཚོ་དེ་སྔ་ལས་གཙང་དུ་ཕྱིན་པ་མ་ཟད། ཁྱད་ཆོས་ཀྱང་མངོན་གསལ་དོད་དུ་སོང་འདུག”ཅེས་གསར་འགོད་པར་བཤད།

ཕག་རྭ་ཚོགས་ཆུང་གི་འགྱུར་ལྡོག་ནི་མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གཅིག་སྡུད་བཅོས་སྒྲིག་དང་མཛེས་ལ་སྡོད་རྒྱུར་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བསྡུས་རིས་ཤིག་རེད། 2019ལོར་མལ་གྲོ་གུང་དཀར་རྫོང་གིས་མ་དངུལ་སྒོར་ཁྲི་7500བཏང་ནས་གྲོང་ཚོའི་ཚོགས་ཆུང་67ལ་ཨར་འདམ་ལམ་འདིང་བ་དང་གློག་སྒྲོན་བསྒར་བ་སོགས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི་4300ལྷག་ཙམ་བཏང་ནས་སྲོལ་རྒྱུན་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་། ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི་རྣམ་པ་སྒྱུར་བཀོད། ཁྱད་ལྡན་གྲོང་རྡལ་ཆུང་གྲས་དང་སྡོད་ཁང་སྐྱོ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་སོགས་ཀྱི་ལས་གྲྭ་གཙོ་གནད་ཐོག་ལག་བསྟར་བྱས་པ་རེད། འདི་ལོ་བོད་སྐྱོར་མ་དངུལ་སྒོར་ཁྲི་3800བཏང་ནས་རུ་ཐོག་ཤང་ཆུ་ཚན་གྲོང་རྡལ་ཆུང་ངུའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་། གུང་དཀར་གྲོང་རྡལ། དེ་བཞིན་བཀྲ་ཤིས་སྒང་ཤང་གི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་གྲྭ་བཅས་ལག་བསྟར་བྱས་ནས་རྒྱལ་ལམ་རྒྱུད་ཀྱི་གྲོང་ཚོ་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད།

སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ཤིང་། 2019ལོར་མ་དངུལ་སྒོར་ཁྲི་5827.40བཏང་ནས་ཤང་6གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་དེ་བཞིན་འཚོལ་བསྡུའི་མདོང་དྲ་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་1860.96བཏང་ནས་རྒྱ་མ་ཤང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་ལས་གྲྭ་བཅོས་སྒྲིག་དང་ལག་བསྟར་བྱས་པ། སྒོར་ཁྲི་1000བཏང་ནས་གྲོང་ཁུལ་རྙིང་པའི་སྔར་ཡོད་ཀྱི་མིས་བཟོས་འདམ་རའི་བཙོག་ཆུ་གཙང་གསིང་བཟོ་གྲྭར་ཚད་ལོན་སྒྱུར་བཀོད་བྱས་པ། སྔོན་ཐོན་གྱི་སྒྲིག་གཅོད་བཟོ་རྩལ་སྤྱད་དེ། རང་བྱུང་འདམ་རའི“ཆུའི་སྤུས་ཚད་གཙང་བཟོ”དང“འཕེལ་རྒྱས་ཀྱི་གྲབས་སྤྱོད”ཀྱི་ནུས་པ་གཉིས་ལྡན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཐག་གཅོད་བྱས་རྗེས་ཚད་ལོན་འབུད་གཏོང་བཅས་བྱས་ཡོད། མ་དངུལ་སྒོར་ཁྲི་2960བཏང་ནས་ཁུལ་གསར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་ནས་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་ཀྱི་བཙོག་ཆུ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ་ལྗོངས་ཡོངས་སུ་རྫོང་ཁོངས་ཤང(གྲོང་རྡལ)གི་བཙོག་ཆུ་རྫོང་གྲོང་དུ་སྔོན་ལ་བསྡུ་སྒྲིལ་དང་གཙང་སེལ་བྱས་ཡོད།

རྣམ་པ་གསར་པར་བསྒྱུར་བ་སྟེ། གྲོང་ཚོའི་ལམ་གཙང་བ་དང་། དམངས་ཀྱི་སྡོད་ཁང་གྲལ་སྟར་སྒྲིག་པ། བཙོག་ཆུ་དོ་དམ་ཚོད་འཛིན་ནུས་ལྡན། གད་སྙིགས་རིགས་དབྱེ་དོ་དམ་སོགས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ཞིང་པའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཁོར་ཡུག་མཛེས་སྡུག་ལྡན་པ་དང་། སྣོད་བཅུད་ལེགས་འགྱུར། དཔལ་འབྱོར་ལེགས་པ་བཅས་ཀྱི་གྲོང་གསེབ་གསར་པ་ཁག་གཅིག་མིག་མདུན་དུ་མངོན་པ་དང་ཤེས་དཔལ་ལ་བརྩི་མཐོང་དང་ཞི་མཐུན་དང་གོ་རིམ་ལྡན་པའི་དར་སྲོལ་གསར་པ་དེ་མལ་གྲོ་གུང་དཀར་རྫོང་དུ་ཐོན་བཞིན་མཆིས།

གོང་གི་པར་ནི་མལ་གྲོ་གུང་དཀར་རྫོང་ཙི་ཙི་རོང་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།