《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོ།

“ལྷ་སའི་ལྡུམ་ར་རྒྱབ་མ”ལས་རྣམ་པ་གསར་པ་མངོན་པ།

ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུའི་གཞུང་ཕྱོགས་དྲ་བ་ནས་2020ལོའི་ཀྲུང་གོའི་མཛེས་ཤིང་སྤྲོ་སྣང་ལྡན་པའི་གྲོང་ཚོའི་ཡོངས་བསྒྲགས་མིང་ཐོ་ཁྱབ་བསྒྲགས་བྱས་པར་རང་ལྗོངས་ཀྱི་གྲོང་ཚོ་3ཚུད་ཡོད་ལ། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོ་ནི་དེའི་གྲས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། འབྲོག་མ་གྲོང་ཚོས་དེང་རབས་ཤེས་དཔལ་དང་། སྲོལ་རྒྱུན་ལོ་རྒྱུས་རིག་གནས། དམངས་སྲོལ་སོགས་ཀྱི་ནང་དོན་འཛུགས་སྐྲུན་དང་ཡུལ་སྐོར་ཐོན་རྫས་སུ་བཅུག་ནས། གནའ་བོའི་རིག་གནས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་པ་རེད།

ད་ཆ་འབྲོག་མ་གྲོང་ཚོས་ཡུལ་སྐོར་མཛེས་ལྗོངས་ཁུལ་གསར་ཇུས་འགོད་ཧུར་ཐག་བྱས་ནས། གྲོང་གསེབ་ཀྱི་ཡུལ་སྐོར་ལ་གསོན་ཤུགས་གསར་པ་བསྣན་ཡོད།

འབྲོག་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཀྱིས་གསར་འགོད་པར། ད་ཆ་འཛུགས་སྐྲུན་བྱེད་བཞིན་པའི་མཛེས་ལྗོངས་ཁུལ་གསར་པའི་རྣམ་གྲངས་ནི་2015ལོ་ནས་རྨང་གཞིའི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། གྲོང་ཚོ་ནས་གནའ་ཤུལ་དུ་སྐྱོད་པའི་རྡོ་གཅལ་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་3ཡོད་པ་དེར་ཁྱོན་ནུས་རྒྱུ་གྲོན་ཆུང་གི་གློག་སྒྲོན་200བསྒར་ཡོད་པ་དང་ཆབས་ཅིག རྡོ་གཅལ་ལམ་གྱི་གཞོགས་གཉིས་སུ་སྡོང་ཕྲུག་ཆིག་སྟོང་ཙམ་བཙུགས་ཡོད། ཚོད་དཔག་ལྟར་ན། 2021ལོའི་ཟླ་ལྔ་པར་དངོས་སུ་ཡུལ་སྐོར་བར་སྒོ་དབྱེ་ཐུབ་རྒྱུ་རེད་ཅེས་བཤད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་ཞིག་ཡིན་པའི་འབྲོག་མ་གྲོང་ཚོ་རྒྱལ་ལམ་109རྒྱུད་དུ་གནས་ཡོད་པས་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་ཡོད་པ་དང་། གྲོང་ཚོས་ཞང་ཞུང་མེ་ཏོག་སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་ལ་བརྟེན་ནས། “བདེ་སྐྱིད་བོད་ཁྱིམ”དམངས་ཁྱིམ་མགྲོན་ཁང་རྩེ་གྲ་གཏོད་པ་དང་། བོད་ཀྱི་དམངས་སྲོལ་དང་དམངས་ཁང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། ཁྱད་ལྡན་སྤུས་རྟགས་གཏོད་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས། གྲོང་མི་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་བརྒྱུད་ཕྱུག་པོ་ཆགས་སུ་བཅུག་ཡོད། “2019ལོར། གྲོང་མི་མི་ཐེངས་8000ལྷག་ཙམ་ཞང་ཞུང་མེ་ཏོག་སྣོད་བཅུད་ཡུལ་སྐོར་ཐོན་ལས་གླིང་དུ་ལས་ཞུགས་ཐུབ་པར་ཁྱོན་ཡོང་འབབ་སྒོར་ཁྲི་250རག་པ་དང་། ‘བདེ་སྐྱིད་བོད་ཁྱིམ’དུ་ལས་ཀ་བྱེད་བཞིན་པའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་30ཡས་མས་ཡོད་ལ། མི་རེར་ཟླ་རེར་གླ་ཕོགས་སྒོར་3000ལྷག་ཡོད”ཅེས་འབྲོག་མ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་ཚེ་རིང་གིས་ངོ་སྤྲོད་བྱས།

(མཚམས་གཅོད་དང་དམ་ཆོས་མི་ཕམ་གཉིས་ཀྱིས་སྒྱུར་ཞུས་བྱས)