《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月16日

སྐལ་བཟང་ཡིང་ཧྭ་མེ་ཏོག་མཚར། མཉམ་བཞད་དྲི་ཞིམ་ཕྱོགས་བཅུར་ཁྱབ།

—— ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པའི་སྐོར་བཀོད་པ།

འདི་ནི་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་མི་རིགས་ཁག་གི་དགེ་སློབ་ཚོས་ཞབས་བྲོ་འཁྲབ་བཞིན་པ།

ཝུའུ་ཧན་བོད་ལྗོངས་སློབ་འབྲིང་ནི་རྒྱལ་ཡོངས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭ(སློབ་གྲྭ)ཁག་དང་པོའི་གྲས་ཤིག་དང་། ཧུའུ་པེ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་དཔེ་སྟོན་སློབ་གྲྭ་ཞིག་ཡིན་ཞིང་། སྔར་ནས་ད་བར་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གིས་མི་རིགས་སློབ་གསོ་གཉེར་བའི་ཐོག་མའི་བསམ་འདུན་མ་བརྗེད་པར་སློབ་གསོའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། ཏང་གི་སློབ་གསོའི་མཛད་ཕྱོགས་དང་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་སློབ་གཉེར་ཁྱད་ཆོས་ནུས་ཤུགས་ཡོད་རྒུས་གཏོད་པ། “ཞི་མཐུན”རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང“མཉམ་འདྲེས”མ་ལག་སྐྲུན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་སློབ་གསོའི་ཐབས་ལམ་གསར་པ་འཚོལ་ཞིབ་བཅས་བྱས་པ་བརྒྱུད། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ”དང་། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ” “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་འཛུགས་གཏོད་བྱེད་སྒོའི་དཔེ་སྟོན་སློབ་གྲྭ”སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་ཡོད།

མི་རིགས་མཐུན་སྒྲིལ་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ།

ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གིས“ཞི་མཐུན”ལྟེ་བར་བྱས་པའི་མི་རིགས་ཀྱི་རིག་གནས་དར་སྤེལ་ཤུགས་ཆེན་བཏང་ནས་སློབ་ཁང་གི་སློབ་ཁྲིད་དང་ཚོགས་པའི་བྱེད་སྒོ་ཐབས་ལམ་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཁང་དང་སློབ་གསོའི་ཏང་འཛུགས་སྐྱོང་ལས་དོན་ཁང་འཐབ་ས་གཙོ་བོར་འཛིན་པ། “མོས་སེམས་ལྔ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་རྒྱ་ཁྱབ་སྤེལ་བ་བཅས་བྱས་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དགེ་སློབ་ཚང་མའི་སེམས་སུ་བརྟན་པོར་ཟུག་ཡོད།

སློབ་ཚན་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ནང་དོན་སློབ་ཁྲིད་བྱས་ཤིང་། སློབ་ཁྲིད་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱ་བོད་སྐད་གཉིས་ཐོག་ནས་སློབ་ཁྲིད་བྱེད་པ། སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར“མོས་སེམས་ལྔ”ཁྱབ་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ཡོད། “སློབ་ཚན་དང་སློབ་གསེང་ཟུང་འབྲེལ་དང་། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་བྱེད་ཐབས་གཞིར་བཟུང་། སློབ་མར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཆང་བར་ཁྲིད་སྟོན་བྱས་པ་དང་ཆབས་ཅིག་སློབ་གྲྭའི“སློབ་ཁང་གཉིས་པ”ཧུར་ཐག་བཏོད་ཡོད། 2019ལོར་བསྐྲུན་པའི་རིག་གནས་སྒྱུ་རྩལ་ལྟེ་གནས(ཚོགས་པའི་བྱེད་སྒོའི་ལྟེ་གནས)དེ་སློབ་མ་ཡོངས་ལ་ཕྱོགས་ནས“རོལ་མོ་དང་། མིག་མངས། རི་མོ། དྲག་རྩལ། ཟློས་གར”སོགས་ཆེད་ལས་ཚོགས་པའི་སློབ་ཁྲིད་བྱས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་ནང་སའི་བོད་ལྗོངས་འཛིན་གྲྭའི་བོད་ཡིག་དུས་དེབ་དང་པོ《རྒྱ་བོད་ཁྱིམ་ཚང་གཅིག》ཅེས་པ་བཏོན་ཡོད།

འགྲོ་འོང་དང་སྤེལ་རེས་བྱེད་སྐབས་མཉམ་འདྲེས་ཐུབ་པར་བྱས་པ།

ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གི་སློབ་མ་ཚང་མ་ཐེམ་ཁུངས་བོད་ནས་ཡིན་པའི་ཁྲོད་བོད་སྐྱོད་ལས་བྱེད་པའི་རྒྱ་རིགས་བུ་ཕྲུག་18ཡོད་པ་དང་། ད་ཆ་བོད་རིགས་ཀྱི་བོད་ཡིག་དགེ་རྒན་5དང་ལས་ཐོག་བོད་རིགས་དགེ་རྒན་1ཡོད་པས་སློབ་གྲྭའི་དགེ་སློབ་དབར་མཉམ་འདྲེས་འཕེལ་རྒྱས་བྱུང་ཡོད། རྒྱ་བོད་སློབ་མ་ཉལ་ཁང་གཅིག་ནང་མཉམ་དུ་སྡོད་པ་དང་། རྒྱ་བོད་དགེ་རྒན་གྱིས་མཉམ་དུ་སློབ་ཁྲིད་བྱེད་པ། བོད་ཡིག་དགེ་རྒན་གྱིས་ཕྱོགས་ཡོངས་ནས་སློབ་གྲྭའི་དོ་དམ་ནང་ཞུགས་པ། སློབ་མའི་ཀུན་སྤྱོད་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཞུགས་པ། མི་རིགས་ཁག་གི་དགེ་སློབ་ཚོས་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་དང་འཚོ་བ་དང་རོལ་རྩེད་ཁྲོད་ཞི་མཐུན་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་བཅས་ཡོད་པས་རྒྱ་བོད་མཉམ་འདྲེས་དང་དགེ་སློབ་མཉམ་འདྲེས་ཐུབ་ཡོད།

སློབ་གྲྭས་ལོ་ལྟར་གནམ་ལོ་གསར་ཚེས་ཀྱི་རིག་རྩལ་མཉམ་འཁྲབ་ཀྱི་རྟེན་འབྲེལ་བྱེད་སྒོ་སྤེལ་ཏེ། མཉམ་སྐྲུན་ཚན་པ་སློབ་གྲྭར་གདན་དྲངས་ནས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། ལོ་ལྟར་དབྱར་གསེང་གི“མཁའ་ལམ་འཚོལ་བའི”ས་མཐོའི་ཁྱིམ་དུ་འཚམས་འདྲི་ཞུ་བའི་སྒྲོག་འགྲེལ་བྱེད་སྒོ་དང་། དགེ་རྒན་སློབ་གྲྭ་དང་ཁྱིམ་ཚང་དུ་སྐྱོད་པ། སློབ་མས་འཆད་སྟེགས་ཐོག“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཤོད་པ། ཏང་གི་བཀའ་དྲིན་དང་སློབ་གྲྭར་བསྟོད་གླུ་འབུལ་བ་བཅས་བྱས་པ་བརྒྱུད། ནང་ས་དང་བོད་ལྗོངས་དང་། སློབ་གྲྭ་དང་ཁྱིམ་ཚང་། དགེ་རྒན་དང་སློབ་མ་བཅས་དབར་མཉམ་འདྲེས་དམ་ཟབ་བྱུང་ཡོད།

(བསོད་ནམས་དབང་མོ་དང་པད་མ་དབྱངས་ཅན་གྱིས་སྒྱུར་ཞུས་བྱས)