《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月15日

2020ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གླིང་དབར་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོར་2020ལོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གླིང་དབར་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་བོད་ལྗོངས་ནང་བསྟན་སློབ་གླིང་དུ་འགོ་ཚུགས་ཤིང་། སྐབས་འདིའི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་སློབ་གནས་སློབ་བསྡུའི་ལས་དོན་སྦྲེལ་མཐུད་བྱེད་ཐབས”རེད།

ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཡུས་ཡུན་ཀུའེ་ཡི་མངགས་བཅོལ་ལྟར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོས་ཚོགས་ཆེན་ཐོག་ཤིས་ཚིག་བསྒྲོན་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་ཀྲང་རིན་ཆེན་དབང་རྒྱལ་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག“རིམ་གསུམ་སློབ་གནས”ཀྱི་སློབ་བསྡུའི་ལས་དོན་ཚད་ལྡན་དུ་གཏོང་བ་ནི་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱེད་པ་ཞིག་ཡིན་པས། བོད་བརྒྱུད་ནང་བསྟན་སློབ་གླིང་དབར་དང་བོད་བརྒྱུད་ནང་བསྟན་སློབ་གླིང་དང་དགོན་སྡེའི་སྲོལ་རྒྱུན་དཔེ་སྦྱོང་འཛིན་གྲྭའི་དབར་གྱི་སློབ་བསྡུའི་ལས་དོན་སྦྲེལ་མཐུད་བདེ་བླག་ཐུབ་ཡོད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག སློབ་གནས་སློབ་གསོའི་སྤུས་ཚད་ལེགས་སུ་བཏང་ནས་སློབ་གནས་ལམ་ལུགས་ཀྱི་དབང་གྲགས་གཏོད་དགོས་པ་དང་། སློབ་གནས་སློབ་གསོའི་རྨང་གཞི་བརྟན་དུ་བཏང་ནས་སློབ་གནས་ལམ་ལུགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་པ། སློབ་གནས་དཔྱད་ཞིབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སློབ་གནས་ལམ་ལུགས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པ། བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། “རིམ་གསུམ་སློབ་གནས”ཀྱི་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བོད་བརྒྱུད་ནང་བསྟན་གྱི་རིམ་ཁག་ཤེས་ལྡན་མི་སྣ་གསོ་སྐྱོང་མགྱོགས་པོ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།