《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月15日

ལྗོངས་ཏང་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དག་ཐེར་དོན་འཁྱོལ་དང་མང་ཚོགས་རང་བཞིན་གྱི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ།

ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་12ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དང“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་དང་། རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར། ལྟ་སྐུལ་ཞིབ་བཤེར་སྣ་ཚོགས་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་གཞན་དག་གི་སྙན་ཞུ་བཅས་ཉན་པ་དང་། 《ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་ཞིབ་འཇུག་བྱས་པ། མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཁག་གི་ལས་དོན་སྐོར་གྱི་སྙན་སེང་ཉན་པ། ལྗོངས་ཡོངས་ཀྱི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལས་དོན་སྐོར་གྱི་སྙན་སེང་ཉན་པ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྙན་སེང་ཉན་པ། ཕུལ་བྱུང་གཞོན་ནུ་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས་བཅས་ལས་དོན་སྐོར་གྱི་སྙན་སེང་ཉན་པ། དེ་བཞིན་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་གནད་དོན་དག་ཐེར་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། དབུལ་སྐྱོར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེ་ཤོས་ཤིག་ཏུ་བརྩི་བ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམིགས་པ། “མཚམས་འཇོག་མི་བྱེད་པ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། ད་ཡོད་ཀྱི་རོགས་སྐྱོར་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་མི་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དཀའ་སྤྱད་འབད་བརྩོན་གྱིས་ནུས་ཤུགས་འདོན་པ། ངལ་གསོ་རྒྱག་པ་དང་ལས་མཚམས་འཇོག་པའི་བསམ་བློ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱི་ཐོག་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་བརྟན་པོ་དང་དབུལ་པོ་རང་ལོག་མི་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། དུས་བཀག་ཞིབ་བཤེར་དང་སྟབས་བསྟུན་དོ་དམ་བྱས་ཏེ། དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་ཐབས་སྔ་སྣུར་དུ་སྤྱད་ནས་ནད་གཞི་དང་གནོད་འཚེ་སོགས་དམིགས་བསལ་རྒྱུ་རྐྱེན་གྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་རང་ལོག་གི་མང་ཚོགས་སྟབས་བསྟུན་ངང་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ། ཐོན་ལས་ལ་བརྟེན་ནས་དབུལ་པོར་ཕན་འདོགས་དང་དབུལ་པོ་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་ཤིང་། དབུལ་སྐྱོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། ནས་ཐོན་འཕར་དང་། འབྲི་གཡག་བཤས་གཏོང་། ཡུལ་སྐོར་རིག་གནས་སོགས་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་དབུལ་པོ་ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་དགོས་པ། ལས་གནས་བརྟན་པོ་དང་ལས་ཞུགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་ཤིང་། ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་དབུལ་པོ་རང་ཡོང་བྱེད་སླ་བའི་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག ལས་ཞུགས་ཐབས་ལམ་རྒྱ་ཆེ་རུ་བཏང་ནས་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས་པ། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་དགོས་ཤིང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་དང་མཉམ་འདྲེས་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། གྲོང་གསེབ་དར་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་ཁུལ་དུ་འགྲིམ་འགྲུལ་སྒྲིག་བཀོད་དང་། སྨན་བཅོས་དང་ལས་ཞུགས། རྒན་གསོའི་སྤྱི་ཚོགས་འགན་བཅོལ་གསུམ་ཚང་མར་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་། མཉམ་འདྲེས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ། “ལྟོ་གོས་ཀྱི་གནད་དོན”ཐག་གཅོད་བྱེད་དགོས་ལ“བསམ་བློའི་གནད་དོན”དེ་བས་ཀྱང་ཐག་གཅོད་བྱེད་དགོས་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་ཤིང་། མང་ཚོགས་དབུལ་པོར་ནང་སྐྱེས་ཀྱི་སྒུལ་ཤུགས་འཕེལ་བར་བྱེད་པ་དང་། རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་མེད་པ་བཟོ་བ། ཆོས་ལུགས་ཀྱི་འཛད་སྤྱོད་ཉུང་དུ་གཏོང་བ། སེམས་ནུས་ཡོད་རྒུ་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ལེགས་སུ་གཏོང་བའི་ཐད་འཇོག་པ། དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་པོའི་རྣམ་པ་བསྒྱུར་བ་བཅས་ལ་སྣེ་ཁྲིད་ཀྱིས་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས།

ཚོགས་འདུའི་ཐོག《ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་རྩ་དོན་ཐོག་ནས་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་བ། ཏང་གི་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ། རྒྱལ་ཁབ་ཀྱི་དོན་ཆེན་སྒྲུབ་པར་གདེང་ཚོད་ཡོད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་མཐའ་གཅིག་ཏུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུ་དགོས་ཤིང་། ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་དུ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། “མགོ་གཉིས་མ”དང་། “ཐེ་ཚོམ་ཅན”ལྷག་པར་དུ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལངས་ཕྱོགས་བརྟན་པོ་མེད་པ་དང་ཁ་ཞེ་གཉིས་མེད་མིན་པ་བཅས་ཀྱི་རིགས་ལ་རྩད་གཅོད་ནན་པོ་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་ཤིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དང་ཟུང་འབྲེལ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་གུས་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཁག་གི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་ལ་བརྩི་བཀུར་ཞུས་ནས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་བརྟན་དུ་གཏོང་དགོས་པ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་འབྲེལ་ཐག་དང་སེམས་ཀྱི་བརྟེན་ས་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བསམ་བློ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་བརྟན་པོ་ཟུག་པར་བྱེད་དགོས་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་རིང་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ཏེ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་ནས་ཐོན་པའི་ཤུགས་རྐྱེན་ངན་པ་མེད་པ་བཟོ་དགོས་པ། མང་ཚོགས་ལ་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ཁྲིད་སྟོན་བྱེད་དགོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཤིང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞི་འགོད་པར་ཐབས་འདོན་ཇུས་འགོད་ཧུར་ཐག་བྱེད་དགོས་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཏེ་ལས་དོན་སྒྲུབ་ནུས་ཆེ་རུ་བཏང་ནས་དུས་རབས་གསར་པའི་བླང་བྱ་དང་དེ་བས་ལེགས་པའི་ངང་འཚམ་པར་བྱེད་དགོས་པ། རིམ་ཁག་ཏང་ཨུད་ཀྱིས་མང་ཚོགས་རང་བཞིན་གྱི་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ལ་འགོ་ཁྲིད་ཤུགས་ཆེ་རུ་གཏོང་བ་དང་ཁོང་ཚོས་ལས་དོན་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་པ་བཅས་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་སློབ་གསོའི་སྡེ་ཚན་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་ལས་འགན་འདིར་དམིགས་པ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དེ་རྨང་གཞིའི་ལས་དོན་གལ་ཆེ་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། དགེ་རྒན་གྱི་སྤྱོད་ཚུལ་དང་དགེ་རྒན་གྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགེ་རྒན་གསོ་སྐྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་རྒན་གྱི་ལས་སྒོའི་འཇོན་ཐང་ཆེ་རུ་ཤུགས་ཆེན་གཏོང་བ། དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། དགེ་རྒན་གྱི་ལས་ཀ་དང་འཚོ་བར་སེམས་ཁུར་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་དགེ་རྒན་རྣམས་ཀྱི་ལས་དོན་སྒྲུབ་སེམས་དང་འགན་འཁྲིའི་བསམ་པ་སྔར་བས་འཕེལ་བར་བྱེད་དགོས་པ་དང་ཆུ་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་བྱེད་དགོས།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཞི་རིམ་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་ཏང་གིས་འགོ་ཁྲིད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་སོགས་ཐད་ཀྱི་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་བྱས་ནས་རྩ་འཛུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། གདམ་གསེས་བཅས་ཀྱི་ལས་དོན་ལ་ཁས་ལེན་བྱས་པ་རེད། ཚོགས་འདུའི་ཐོག་རིམ་ཁག་ཏང་ཨུད་ཀྱིས་ཕུལ་བྱུང་གཞོན་ནུ་ལས་བྱེད་པ་ཤེས་རྟོགས་དང་། གསོག་འཇོག གསོ་སྐྱོང་། གདམ་གསེས་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མདུན་གྲལ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ། གྲོང་སྡོད་དང་དགོན་སྡོད་ཀྱི་འཐབ་ས་དང་པོ་བཅས་ཀྱི་གཞོན་ནུ་ལས་བྱེད་པ་ཤེས་རྟོགས་དང་བེད་སྤྱོད་ལ་སྣང་ཆེན་བྱེད་པ། ལས་ཁུངས་ཀྱི་གཞོན་ནུ་ལས་བྱེད་པ་གཞི་རིམ་དུ་སྦྱོང་བརྡར་བྱེད་པར་བསྐྱོད་རྒྱུ་དང་། གཞི་རིམ་གྱི་གཞོན་ནུ་ལས་བྱེད་པ་ལས་ཁུངས་དང་ཚན་པར་ལས་འགན་འཁུར་རྒྱུ། གྲངས་ཉུང་མི་རིགས་ཀྱི་གཞོན་ནུ་ལས་བྱེད་པ་ནང་སར་སྤེལ་རེས་དང་སྦྱོང་བརྡར་བྱེད་པར་བསྐྱོད་རྒྱུ་བཅས་ཀྱི་སྐུལ་མ་གཏོང་བ། ཕྱོགས་ཡོངས་ནས་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པ། གཞོན་ནུ་ལས་བྱེད་པས་དཀའ་སྡུག་མྱོང་བ་དང་། མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་བ། ལུས་སྟོབས་རྒྱས་པར་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་ཕུལ་བྱུང་གཞོན་ནུ་ལས་བྱེད་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱེད་པ་བཅས་བྱས་ནས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྲ་ཞིང་བརྟན་པའི་ཤེས་ལྡན་པའི་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

(བསོད་ནམས་དབང་མོ་དང་བསོད་ནམས་མཚོ་མོས་བསྒྱུར། སྤེན་ཚེས་ཞུས)