《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月14日

ཏང་ཡོན་ཞིག་ཡིན་ཕྱིན་དམག་འཐབ་ཀྱི་འཐབ་ས་དང་པོར་གདོང་མཆོང་བྱེད་དགོས།

“ངས་ཏང་ཡོན་ཞིག་གིས་བསྒྲུབ་དགོས་པའི་བྱ་བ་བསྒྲུབས་པ་ཙམ་ཡིན་པས། གཟི་བརྗིད་དེ་ངའི་རྒྱབ་ཕྱོགས་སུ་ཡོད་པའི་འཐབ་གྲོགས་ཁྲི་སྟོང་མང་པོར་གཏོགས་ཡོད”ཟླ་9ཚེས་8ཉིན་རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་སྤེན་པ་ཚེ་རིང་ལ“རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་མཁན་སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐོབ་པ་རེད།

རིམས་འགོག་གི་ཉམས་མྱོང་ཕྱིར་དྲན་བྱེད་དུས་སྤེན་པ་ཚེ་རིང་གི་མིག་ལམ་དུ་གསལ་ལྷམ་མེར་འཆར་གྱི་ཡོད།

རིམས་ནད་ཐོན་སྐབས་སྤེན་པ་ཚེ་རིང་ལ་པེ་ཅིང་དུ་རྨེན་སྐྲན་གྱི་ནད་ཕོག་པ་བརྟག་དཔྱད་ཐུབ་པ་དང་། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀའ་རྒྱ་འབྱོར་རྗེས་ཁོང་གིས་ཕྱིར་ལོག་པ་དང་གཟུགས་པོ་བདེ་པོ་མེད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་འཕྲལ་མར་ལས་གནས་སུ་འབྱོར།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད་སྤེན་པ་ཚེ་རིང་གིས་སྤོ་བོ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་མི་སྣ་ཡོངས་མགོ་ནད་བརྟག་དཔྱད་དང་། ཆ་འཕྲིན། དུག་སེལ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་ཚོགས་ཆུང་4ལ་བགོས་པ་མ་ཟད། ཚོགས་ཆུང་ཁག་གི་ཁོངས་མིར་དམིགས་སའི་རང་བཞིན་གྱི་གསོ་སྦྱོང་ཡང་བྱས་པ་རེད། དུས་མཚུངས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒོ་མདུན་སར་སྤོས་ཏེ་རྒྱལ་ལམ་318སྤོ་བོ་རྫོང་གི་འཛུལ་སྒོར་ཞིབ་བཤེར་ས་ཚིགས་བཙུགས་པ་དང་། ཉིན་མཚན་དབྱེར་མེད་ངང་རེས་མོས་སྡོད་བྱ་བྱས་ནས་ཕྱི་ནས་འགོས་པའི་ནད་དཔེ་མི་ཐོན་པ་ནན་འགོག་དང་ཉིན་རེར་ཆ་སྙོམས་མི་3000ལྷག་ཙམ་གྲལ་བཤེར་བྱས་པ་སོགས་རེད།

“སྨན་བཅོས་ཁོངས་གཏོགས་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང”སྤེན་པ་ཚེ་རིང་གིས་དེ་ལྟར་བརྗོད་ཀྱི་ཡོད་ལ་དེ་ལྟར་ཡང་བསྒྲུབས་ཀྱི་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གཞི་རིམ་གྱི་སྨན་དོན་མི་སྣའི་མི་སྒེར་གྱི་འགོག་སྲུང་འགན་ལེན་ནུས་ལྡན་ཐུབ་ཆེད། སྤེན་པ་ཚེ་རིང་གིས་རང་འགུལ་ངང་གཞི་རིམ་གྱི་དགོས་མཁོར་དམིགས་ནས་འཕྲལ་མར་སྨན་བཅོས་ཀྱི་འཐབ་ས་མདུན་མར་དངོས་ཟོག་བགོ་འགྲེམས་བྱས་ཏེ་སྨན་དོན་མི་སྣའི་བདེ་འཇགས་འགན་ལེན་བྱས་ཤིང་། འཐབ་ས་དང་པོའི་སྨན་དོན་མི་སྣར་འགོག་ཟོན་གྱི་གསོ་སྦྱོང་བྱས་ནས་ཉིན་ལྟར་ཁོང་ཚོའི་གཟུགས་པོའི་ཚ་བ་ལྟ་བ་དང་འབྲེལ། ཟིན་ཐོར་བཀོད་ནས་ཚང་མས་འགོག་སྲུང་ཁ་རས་དང་འགོག་སྲུང་དངོས་ཟོག་བེད་སྤྱོད་ཡག་པོ་བྱ་རྒྱུར་ལྕག་སྐུལ་བྱས།

དྲིལ་བསྒྲགས་མཛུབ་ཁྲིད་དང་། ལྕག་སྐུལ་ཞིབ་བཤེར། ཆ་འཕྲིན་གྲལ་བཤེར། འཕྲོད་བསྟེན་དུག་སེལ། དངོས་ཟོག་གཤམ་སྤྲོད་སོགས་ཀྱི་ལྷུ་ཚིགས་རེ་རེ་དང་ས་གནས་གང་སར་སྤེན་པ་ཚེ་རིང་གི་གཟུགས་བརྙན་མཐོང་རྒྱུ་ཡོད་ལ། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་མཚོན་པ་དང་། རང་ཉིད་ཀྱི་བློས་གཏོང་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་འགན་འཁྲི་ལག་ལེན་བསྟར་བཞིན་ཡོད། སྤེན་པ་ཚེ་རིང་གི་སེམས་ནུས་ཡོད་ཚད་རིམས་འགོག་གི་འཐབ་ས་དང་པོར་བཞག་པས་ཁྱིམ་གྱི་རྒན་རྒོན་དང་བཟའ་ཟླ། བུ་ཕྲུག་བཅས་ལ་ལྟ་རྟོག་བྱེད་ཁོམ་མེད་ལ། ལས་ཀ་མང་བའི་སྐབས་སུ་ཁྱིམ་ལ་ཁ་པར་ཡང་རྒྱག་ཁོམ་མེད།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བས་དུས་ཐོག་ཏུ་ཁ་ལག་ཟ་མི་ཐུབ་པ་ནི་རྒྱུན་གཏན་དུ་གྱུར་ཡོད་ལ། སྐབས་རེར་རྩམ་པ་ཁམ་གང་རེ་ཟས་ནས་གྲོད་པ་རྒྱགས་ཐབས་བྱེད་ཀྱི་ཡོད་པ་དང་། ཐོ་རེངས་ཀྱི་ཆུ་ཚོད་གསུམ་པ་བཞི་པ་ཙམ་དུའང་ཤང་དང་གྲོང་རྡལ་དང་། ཚན་པ་དང་སྤོ་བོ་རྫོང་རིམས་ནད་བཀོད་འདོམས་པུའུ་བཅས་སུ་ཕར་འགྲོ་ཚུར་འོང་བྱེད་རྒྱུ་ནི་འཆར་ཅན་ཞིག་ཡིན་སྟབས་རྟག་ཏུ་ཐང་ཆད་དེ་གཞུང་ལས་ཁང་གི་རྐུབ་སྟེགས་ཐོག་གཉིད་ཤོར་གྱི་ཡོད། དུས་ཚོད་དམ་འཛིན་བྱ་ཆེད་སྐབས་རེ་སྤེན་པ་ཚེ་རིང་གིས་གཞུང་ལས་ཁང་དུ་སྐར་མ་ཁ་ཤས་ངལ་གསོ་བརྒྱབ་སྟེ་ཉིན་གཉིས་པར་མུ་མཐུད་ལས་ཀ་བྱེད་ཀྱི་ཡོད།

“གུང་ཁྲན་ཏང་ཡོན་ཞིག་ཡིན་པས་དམག་འཐབ་ཀྱི་འཐབ་ས་དང་པོར་གདོང་མཆོང་བྱེད་དགོས་ལ། སྨན་བཅོས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ང་ཚོའི་འགན་འཁྲི་ནི་སྲོག་སྐྱོབ་རྨས་གསོ་དང་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་མཁན་ཡག་པོ་ཞིག་བྱ་རྒྱུ་དེ་རེད”ཅེས་སྤེན་པ་ཚེ་རིང་གིས་བརྗོད།

སྤེན་པ་ཚེ་རིང་དང་སྤོ་བོ་རྫོང་གི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་སྤོ་བོ་རྫོང་གི་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་ཚན་རིག་དང་མཐུན་པ་དང་ནུས་ལྡན་གྱི་སྒོ་ནས་སྤེལ་ཏེ་ཏོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་གཅིག་ཀྱང་མ་ཐོན་པར་བོད་ཀྱི་ཤར་སྒོ་ཆེ་མོ་ལེགས་གྲུབ་ལྡན་པའི་ངང་སྲུང་ཐུབ་ཡོད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)