《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月14日

རི་བོ་ཆེ་རྫོང་གིས་འབྲི་གཡག་གི་ཐོན་ལས་རིམ་པ་སྤར་བ།

ཁེ་ལས་ནང་གི་འབྲོག་པ་གསར་པ།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧན་ཡུས་ལེ། སྐལ་བཟང་དཔལ་འབྱོར།

ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་བེའུ་གདའ་ཤང་གཡང་འཛོམས་འབྲི་གཡག་རྒྱགས་གསོ་རྟེན་གཞིར་ལོ་28ལ་སླེབས་པའི་བྱམས་པ་རབ་བརྟན་ཕྱུགས་རའི་ནང་འབྲི་གཡག་ལ་གཟན་རྩྭ་སྟེར་བཞིན་ཡོད། 2018ལོར་རྒྱགས་གསོ་རྟེན་གཞི་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་གཡང་འཛོམས་གྲོང་ཚོ་ནས་འབྲོག་པ་7ཐོན་ལས་ཀྱི་བཟོ་པར་བསྡུས།

དེའི་གོང་བྱམས་པ་རབ་བརྟན་ནི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། ཁྱིམ་ཚང་གི་ཡོང་འབབ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་འཐུ་བ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་ལ་རྟེན་དགོས་ཀྱི་ཡོད། ད་ཆ་བྱམས་པ་རབ་བརྟན་ལ་ཟླ་རེར་གཏན་འཇགས་གླ་ཕོགས་སྒོར་2500ཡོད་པའི་ཁར། ཁེ་སྤོགས་བསྣན་ན་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་དེ་སྔོན་ལས་ལྡབ་གཅིག་འཕར་ཡོད།

བྱམས་པ་རབ་བརྟན་ཁྱིམ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ནི་རི་བོ་ཆེ་རྫོང་གིས་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཁ་འབྲལ་ཐབས་མེད། རི་བོ་ཆེ་རྫོང་ལ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པ་དང་། ཤར་དུ་རི་མཐོ་གྲོག་རོང་དང་ནུབ་ཏུ་རྩྭ་ཐང་འབྲོག་ར་ཡོད། སྔོ་ཁེབས་ཕུན་སུམ་ཚོགས་པོ་ཡོད་པས་འབྲི་གཡག་སྐྱེ་འཕེལ་ལ་སྣོད་བཅུད་ཀྱི་ཁོར་ཡུག་ཧ་ཅང་ཡག་པོ་ཞིག་མཁོ་འདོན་བྱས་ཡོད།

གཡང་འཛོམས་འབྲི་གཡག་རྒྱགས་གསོ་རྟེན་གཞི་ནི་ཞིང་ལས་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་ཤང(གྲོང་རྡལ)སྟོབས་ཆེར་གཏོང་བའི་ཚོད་ལྟའི་རྣམ་གྲངས་ཤིག་རེད། བེའུ་གདའ་ཤང་གི་ཤང་ཀྲང་གཞོན་པ་སི་ལི་ཅུན་གྱིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་ས་ཞིང་ནང་བཤུག་གཏོང་བ་དང་། འབྲི་གཡག་དང་རྩྭ་ར་མ་རྐང་ལ་ཞུགས་པ་བརྒྱུད་ཁོ་ཚོ“རྒྱགས་གསོ་རྟེན་གཞིའི་ཁོངས་མིར”གྱུར་ནས་ས་ཆའི་བོགས་དངུལ་དང་ཁེ་སྤོགས་བགོ་བཤའ་རྒྱག་གི་ཡོད། མིག་སྔར་རྒྱགས་གསོ་རྟེན་གཞིར་ཞིང་འབྲོག་དུད་ཚང་153ཞུགས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་107ཡོད་ཅེས་བརྗོད།

རི་བོ་ཆེ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྥ་པའོ་ཡིས། རྫོང་ཡོངས་ཀྱིས་འབྲི་གཡག་རྒྱགས་གསོ་རྟེན་གཞི་3བཙུགས་ནས་ལོར་འབྲི་གཡག་བཤས་གཏོང་ཚད་མགོ་གྲངས་4000ལྷག་ཙམ་ཟིན་པ་དང་། འབྲི་གཡག་གསོ་ཚགས་དུད་ཚང་ཆེ་གྲས་240ལྷག་ཙམ་སྐྱེད་སྲིང་བྱས་ཡོད་ཅེས་བརྗོད།

“རི་བོ་ཆེ་རྫོང་གིས་ཐོན་རྫས་ལེགས་བཅོས་དང་སྤུས་རྟགས་ཁྱབ་གདལ་བཏང་བ་བརྒྱུད་ས་གནས་དེ་གའི་འབྲི་གཡག་ཐོན་ལས་ལ་དེ་བས་ཡངས་པའི་ཁྲོམ་ར་བཏོད་པ་མ་ཟད། ས་གནས་དེ་གའི་ཞིང་འབྲོག་པར་ཕན་པ་ཡང་དེ་བས་མང་བ་བཏོད་ཡོད”ཅེས་ལི་ཧྥ་པའོ་ཡིས་བརྗོད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་པའི་གློག་འཕྲིན)