《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月14日

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་གཞོན་དར་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་དང་བསམ་ཚུལ་གཅིག་མཐུན་ཆེན་པོ་བྱུང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ལས་བྱེད་པས་ལས་ཀ་ཡག་པོ་བྱེད་པར་མཁོ་བའི་ནུས་པ་སྣ་ཚོགས་ཁྲོད་ནས་ཆབ་སྲིད་ཀྱི་ནུས་པ་ནི་ཨང་དང་པོ་ཡིན་ཞེས་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི《བདག་པོ》དུས་དེབ་ཁང་གི་རྩོམ་སྒྲིག་པ་ཡོན་ཏན་ཕུན་ཚོགས་ཀྱིས་བཟོ་ཚོགས་ཁོངས་གཏོགས་ཀྱི་ན་གཞོན་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངས་ཏང་གི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དང་ལས་བཟོ་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་རྒྱུ་ཡིན་ཞེས་བཤད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

བརྟག་དཔྱད་ཞིབ་འཇུག་གི་ནུས་པ་ཆེ་རུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞོན་ནུ་ལས་བྱེད་པར་བཏོན་གནང་བའི་བླང་བྱ་གལ་ཆེན་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་མི་དམངས་འཐུས་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་ཞི་གཞོན་པ་ཏའེ་ཁྲུན་ཁྲང་གིས“གནད་དོན་དངོས་ཐག་གཅོད་བྱེད་པ་ནི་ལས་ཇུས་འགོད་པའི་རྨང་གཞི་དང་བྱ་བ་སྒྲུབ་པའི་ཐབས་ལམ་ཡིན། གནད་དོན་ལ་ཞིབ་འཇུག་བྱེད་པ་དང་། སྲིད་ཇུས་གཏན་ལ་འབེབས་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རིང་ངེས་པར་དུ་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་དགོས། ང་ཚོས་ངེས་པར་དུ་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ། མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ནས་སྐད་ཆ་དྲང་པོ་ཉན་པ་དང་། གནས་ཚུལ་ངོ་མ་བརྟག་ཞིབ་བྱེད་པ། དམངས་ཀྱི་བསམ་འདུན་ཤེས་པ། གནད་དོན་རྟོགས་པ་བཅས་བྱེད་དགོས་པ་མ་ཟད། ད་དུང་བརྟག་དཔྱད་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་། འབྱུང་རྐྱེན་འཚོལ་བ། ཇུས་བཟང་འགོད་པ། དངོས་ཐབས་འདོན་པ་བཅས་བྱས་ནས་གནད་དོན་དངོས་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་བཤད།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ར་སོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དངོས་སྒྲུབ་ཀྱིས“ངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་རང་ཉིད་ལ་རེ་བ་ནན་པོ་བཏོན་པའི་ཁར། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་བསྒྲུབ་རྒྱུ་ཡིན”ཞེས་མྱོང་བ་ཟབ་མོས་བཤད།

མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་གཞོན་དར་ལས་བྱེད་པ་ལིའུ་ཀྲེང་གིས“མིག་སྔར་རང་ལྗོངས་སུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་བཞིན་ཡོད། དྲིལ་བསྒྲགས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཡིན་པའི་ང་ཚོས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མའི་སེམས་སུ་ཟུག་པ་བྱ་རྒྱུ་ཡིན”ཞེས་བཤད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་ཚེ་དབང་ལྷ་མོས་ཞུས)