《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月13日

ཝང་ཉིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བ།

ཀྲོང་ཡན་གྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་10ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་ཟླ་10ཚེས་8ཉིན་ནས་ཚེས་10ཉིན་བར་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཝང་ཉིང་གིས་ཧྥུའུ་ཅན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་དུ་ཁ་གཏད་བོད་སྐྱོར་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་གཟིགས་པ། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པར་ཕེབས་པ་བཅས་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས་པ་དང་འབྲེལ་ཕུའུ་ཅན་གྱི་ཁ་གཏད་བོད་སྐྱོར་བཞུགས་མོལ་ཚོགས་འདུར་ཕེབས་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཉིང་གིས་ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཧྥུའུ་ཅན་གྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་རེད། ཁོང་གིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ཁ་གཏད་རོགས་སྐྱོར་ལས་འགན་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་ཡག་པོ་བྱ་རྒྱུ་ཡིན། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམིགས་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཆབ་མདོར་རོགས་སྐྱོར་བྱེད་པའི་དམངས་འཚོའི་རྣམ་གྲངས་ཁག་གཅིག་ཇུས་འགོད་བྱས་ནས་ཐོན་ལས་དང།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྨན་བཅོས། སློབ་གསོ། རིག་གནས་དང་ཡུལ་སྐོར། སྣོད་བཅུད་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཐོག་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཧྥུའུ་ཅན་གྱིས་ཁ་གཏད་རོགས་སྐྱོར་སྦྲེལ་ཐག་ཏུ་བརྩིས་ནས་དཔེ་དབྱིབས་གསར་གཏོད་དང་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ་བོད་རང་སྐྱོང་ལྗོངས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ཐོག་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཀྲོང་ཡན་གྱིས་ཧྥུའུ་ཅན་ཞིང་ཆེན་གྱིས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་ཆབ་མདོ་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས། ཚོང་འགུགས་མ་འདྲེན། ལས་ཞུགས་བོད་སྐྱོར་སོགས་ཐད་མཛུབ་ཁྲིད་ནུས་ལྡན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཐོག ཆབ་མདོ་གྲོང་ཁྱེར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རམ་འདེགས་གནང་རྒྱུའི་ཐུགས་རེ་གནང་བ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)