《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月13日

ལོ་ངོ་70ཡི་མཆོང་སྐྱོད་རིང་སྐར་ལྔའི་དར་དམར་ལྟ་སྲུང་ཡག་པོ་བྱས་པ།

—— ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གླད་མདའ་གྲོང་ཚོའི་སྐོར་བཀོད་པ།

འདི་ནི་གླད་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་འཇམ་དབྱངས(གཡས)དང་དེ་སྔའི་གླད་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་བཟང་དབང་འདུས་ཀྱིས་2019ལོར་གླད་མདའ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཏང་ཡོན་11གིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་བཙེམས་པའི་རྒྱལ་དར་སྟོན་བཞིན་པ།

1950ལོའི་ཟླ་10ཚེས་19ཉིན་བོད་ལྗོངས་ཆབ་མདོར་བཅིངས་འགྲོལ་བཏང་བ་དང་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར“འཛམ་གླིང་ཡང་རྩེར”ཐོག་མར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད།

ལོ་དེར་གླད་མདའ་གྲོང་ཚོའི་བོད་རིགས་མང་ཚོགས་ཀྱིས་རྐང་ཐང་མར་བོད་དུ་ཡོང་མཁན་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཐེངས་དང་པོ་མཐོང་བ་དང་། དེ་རྗེས་ལམ་བཟོ་དཔུང་ཆེན་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་ཤེས་རྟོགས་བྱུང་སྟེ“གསར་བརྗེའི”གྲོང་ཚོ་དང་རྒྱལ་དར་དབར་དོར་ཐབས་མེད་པའི་འབྲེལ་བ་འཛུགས་འགོ་བརྩམས།

1962ལོར་གྲོང་མི་9ཡིས་རང་འགུལ་ངང་ལག་པས་བཙེམས་པའི་རྒྱལ་དར་དེ་དུས་རབས་ཕྱེད་ཀ་ལྷག་ཙམ་གྲོང་ཚོའི་ནང་གཅེས་ཉར་བྱས་ཡོད། ལོ་ངོ་70ཡི་རིང་སྐར་ལྔའི་དར་དམར་གྱི་ལྕག་སྐུལ་འོག གླད་མདའ་གྲོང་ཚོའི་གྲོང་མི་མི་རབས་ནས་མི་རབས་བར་འབད་འབུངས་ཆེར་བསྐྱེད་དང་དཀའ་སྤྱད་འབད་བརྩོན་གྱིས་དུས་རབས་གསར་པ་དང་འཚོ་བ་གསར་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་བསྐྱོད་བཞིན་མཆིས།

(པར་ངོས་བཞི་པར་གཟིགས)

སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་འགྲིམ་འགྲུལ་འགག་མདོར་གནས་པའི་གླད་མདའ་གྲོང་ཚོ་ནི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཝ་མདའ་གྲོང་རྡལ་གྱི་ཁོངས་སུ་གཏོགས་པ་དང་ད་ཆ་དུད་ཚང་119དང་མི་550ཡོད་པ་རེད།

གྲོང་ཚོའི་ལོ་80ལ་སླེབས་པའི་རིག་འཛིན་ལྷ་གཡང་གཟུགས་པོ་ཐང་ལ་སེམས་བག་ཡངས་པོ་ཞིག་ཡོད།

ཁོང་གིས་བཅིངས་འགྲོལ་དམག་ཐེངས་དང་པོ་མཐོང་སྐབས་ཀྱི་རྣམ་པ་ཕྱིར་དྲན་བྱེད་བཞིན“སྐབས་དེ་དུས་ང་ལོ་10ཡིན། བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོས་དབྱར་ཆས་གྱོན་པ་དང་། དཔུང་སྐྱོད་ཁུག་མ་ཁུར་བཞིན་རི་ནས་བབས་ཏེ་གྲོང་ཚོར་ངལ་གསོ་བ་དང་། ཆུ་སྐོལ་བ། ཁ་ལག་བཟོ་བ་བཅས་བྱེད་ཀྱི་འདུག”ཅེས་བཤད།

རིག་འཛིན་ལྷ་གཡང་གིས་ཕྱིར་དྲན་བྱེད་བཞིན་དུ“བཅིངས་འགྲོལ་དམག་གིས་མི་སེར་གྱི་རྩམ་པ་ཁམ་གང་ཡང་ཟ་ཡི་མེད་ལ། ད་དུང་ང་ཚོར་གྱོན་གོས་དང་། ལྷམ། ཕག་ཀྲིན་བཅས་སྟེར་གྱི་ཡོད་པས་ཚང་མས་དགའ་བསུ་དང་བརྩི་བཀུར་ཞུ་ཡི་ཡོད། དེ་རྗེས་ཁྲོན་བོད་གཞུང་ལམ་སྐྲུན་མཁན་བཅིངས་འགྲོལ་དམག་གླད་མདའ་གྲོང་ཚོར་འབྱོར་བས་ཡུན་རིང་ཞིང་བྲན་བདག་པོའི་གཉའ་གནོན་ཕོག་པའི་མང་ཚོགས་ཚོས་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་མངའ་ལོན་འགོ་ཚུགས་པ་དང་མི་མང་པོས་རང་འགུལ་ངང་བཅིངས་འགྲོལ་དམག་དང་མཉམ་དུ་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་ཡོད”ཅེས་བཤད།

1959ལོར་གངས་ལྗོངས་ས་མཐོར་དམངས་གཙོའི་བཅོས་སྒྱུར་གྱི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས། གླད་མདའ་གྲོང་ཚོའི་དབུལ་ཕོངས་མང་ཚོགས་ཚོར་རང་ཉིད་ལ་དབང་བའི་ཁང་པ་དང་། ནོར་ལུག ས་ཞིང་། ཐོན་སྐྱེད་ཡོ་བྱད་བཅས་ཐེངས་དང་པོ་རག་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

དུས་རབས་20པའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པར་གྲོང་ཚོའི་ཆ་རྐྱེན་ད་དུང་ཧ་ཅང་ཞན་པས་གུང་ཁྲན་ཏང་ཡོན་རྒན་རབས་ཚོས་ཏང་ལ་བློ་དཀར་སེམས་དཀར་དང་། ངར་ཤུགས་གཅིག་སྒྲིམ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་དང་ཐོན་སྐྱེད་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཟས་གོས་གཉིས་འཛོམས་ཀྱི་འཚོ་བ་སྐྱེལ་ཐུབ་པར་བྱས་ནས་མང་ཚོགས་ཀྱི་སེམས་ནང་གུང་ཁྲན་ཏང་ཡོན་གྱི་གཟུགས་བརྙན་བཟང་པོ་བཏོད་པ་མ་ཟད། གླད་མདའ་གྲོང་ཚོ་དེ་སྔོན་ཐོན་གྲོང་ཚོ་དང“དར་དམར་གྲོང་ཚོར”ཡང་ཐེངས་མང་བདམས།

མང་ཚོགས་ཀྱི་སྣེ་ཁྲིད་དེ་འཚོ་བ་གསར་པ་སྐྱེལ་མཁན་གྱི་ཏང་ཡོན་ལས་བྱེད་པའི་སྐོར་གླེང་སྐབས་རིག་འཛིན་ལྷ་གཡང་གིས“ལས་བྱེད་པ་དེ་དག་ཧ་ཅང་ཡག་པོ་འདུག ཚང་མ་མང་ཚོགས་ཚོར་བསམ་བློ་གཏོང་མཁན་གྱི་ཏང་ཡོན་བཟང་པོ་ཤ་སྟག་རེད”ཅེས་བཤད།

འགྲོ་ལམ་ཡོད་པ་ལས་གྲོང་ཚོར་འགྱུར་ལྡོག་འགྲོ་འགོ་ཚུགས་པ།

དུས་རབས་20པའི་ལོ་རབས་80པའི་ལོ་འགོར་གྲོང་ཚོའི་ནང་ཐོན་སྐྱེད་དུད་ཚང་ལ་འགན་གཙང་སྤྲད་ཅིང་། 1972ལོར་སྐྱེས་པའི་བློ་བཟང་དབང་འདུས་ཀྱིས་ཁོང་ཚོའི་ཁྱིམ་དུ་ས་ཞིང་མུའུ་10དང་འབྲི་གཡག་མགོ་གྲངས་13བགོས་པས་འཚོ་བར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དྲན་གྱི་ཡོད། གྲོང་ཚོ་ཡོངས་ཀྱི་ཐོན་སྐྱེད་ཀྱི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ནས་དུད་ཚང་ཚང་མར་འབྲུ་རིགས་ཡོད་ལ། ཁྱིམ་ཚང་ཚང་མར་མར་དང་། ཕྱུར་བ། ཤ་བཅས་ཀྱང་མི་ཆད་པ་ཡོད།

གྲོང་ཚོའི་ཕྱུག་འགྱུར་གྱི་དཔེ་མཚོན་ཞིག་ཡིན་པའི་བློ་བཟང་དབང་འདུས་ཀྱིས“དེ་རྗེས་ངས་ཏང་གི་དམངས་ཕྱུག་སྲིད་ཇུས་ལག་བསྟར་གྱིས་བ་གླང་བཙོངས་ཏེ་འདྲུད་འཐེན་འཕྲུལ་འཁོར་ཆེན་པོ་ཞིག་ཉོས་ནས་རྫོང་དུ་བྱེ་མ་དང་ཤིང་ཆ་དབོར་བའི་ལས་ལ་གཞོལ་བ་དང་། ལོ་གཅིག་རིང་ཕྱིར་གླ་པར་ཟླ་བ་ལྔ་ལྷག་ཙམ་བསྐྱོད་པར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཡོང་གི་འདུག”ཅེས་བཤད།

བློ་བཟང་དབང་འདུས་ལོ་32ལ་སླེབས་སྐབས་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་། ལོ་གཉིས་པར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས། ཁོང་གིས་རང་ཉིད་ཀྱི་ཡོན་ཚད་དམའ་བས་ལས་ཀ་ཡག་པོ་བྱེད་ཐུབ་ཨེ་ཡོང་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད། ཁོང་གི་ཕ་བློ་བཟང་རྣམ་རྒྱལ་གྱིས“གུང་ཁྲན་ཏང་ཡོན་ཞིག་གི་ངོས་ནས་བརྗོད་ན་མང་ཚོགས་ལ་ཁེ་ཕན་དོན་གཉེར་བྱེད་དགོས་ངེས་རེད། ཏང་ནང་ཞུགས་ཚེ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུས་ནས་ཚང་མའི་ཡིད་ཆེས་དང་རྒྱབ་སྐྱོར་ཆུད་ཟོས་སུ་གཏོང་མི་རུང”ཞེས་ལྕག་སྐུལ་བྱེད་ཀྱི་ཡོད།

2006ལོར་བོད་དུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཤིང་། བློ་བཟང་དབང་འདུས་ཀྱིས་གོ་སྐབས་དམ་འཛིན་གྱིས་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྡོད་ཁང་གསར་རྒྱག་དང་བསྐྱར་སྐྲུན་དང་། མི་ཕྱུགས་ལོགས་དབྱེ། གསང་སྤྱོད་ལོགས་རྒྱག གྲོང་ཚོའི་རྣམ་པ་བཅོས་སྒྲིག་བཅས་བྱས་པས་གླད་མདའ་གྲོང་ཚོའི་སྡོད་མལ་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ལ། དེ་རྗེས་ཀྱི་ལོ་6ནང་དུད་ཚང་ཚང་མས་གཅིག་རྗེས་གཉིས་མཐུད་ངང་ཐོག་སོ་ཉིས་ལྡན་གྱི་ཁང་པ་གསར་པའང་རྒྱག་འགོ་ཚུགས།

དེ་རྗེས་བློ་བཟང་དབང་འདུས་ཀྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་འཁུར་ཞིང་། ཁོང་གི་སྣེ་ཁྲིད་འོག་གླད་མདའ་གྲོང་ཚོར་འཕེལ་རྒྱས་ཆེན་པོ་བྱུང་སྟེ་མི་119ལས་གྲུབ་པའི་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་པ་དང་། མ་དངུལ་བརྩོན་ལེན་གྱིས་དྲོད་ཁང་ཆེ་མོ་སྐྲུན་པ། ཆུ་རགས་བཅོས་སྒྲིག ས་རྒྱུ་ལེགས་བཅོས། བུ་བཅོལ་ཁང་དང་ཡུལ་སྐོར་སྣེ་ལེན་ལྟེ་གནས་གསར་སྐྲུན། རྐོ་འདྲུ་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་སོགས་ཀྱི་འཕྲུལ་ཆས་ཉོས་ནས་ཕྱི་ཕྱོགས་སུ་བོགས་མར་བཏང་བས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་གྲོང་མི་ཚོས་འཚོ་བ་དེ་བས་ལེགས་པ་སྐྱེལ་འགོ་ཚུགས།

ཉི་མ་བློ་བཟང་དང་། བློ་བཟང་དོན་གྲུབ། ཐུབ་བསྟན་འཇམ་དབྱངས་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བློ་བཟང་དབང་འདུས་ཀྱི་རྒྱུན་འཛིན་བྱས་ནས་ལས་ལ་གཞོལ། 2017ལོར་གླད་མདའ་གྲོང་ཚོ་སྤྱི་ཡོངས་དབུལ་ཞྭ་ཕུད་ཐུབ་ཡོད། 2019ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་16744ཟིན་ནས་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

འདི་ལོའི་ལོ་སྟོད་དུ་གྲོང་ཚོས་གསར་དུ་བསྐྲུན་པའི་ཡུལ་སྐོར་སྣེ་ལེན་ལྟེ་གནས་སྤྱོད་འགོ་ཚུགས་པ་དེས་ཡུལ་སྐོར་བར་ཞག་སྡོད་དང་། བཟའ་བཏུང་། དངོས་ཟོག་ཉོ་སྒྲུབ། རླངས་འཁོར་བཀྲུ་བ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ལོ་32ལ་སླེབས་པའི་གྲོང་མི་ཚེ་བརྟན་ལྷ་མོ་དེ་གར་ལས་ཀ་བྱས་ནས་ལོ་ཕྱེད་ལྷག་ཙམ་སོང་ཞིང་། ཁོང་གིས་རྒྱ་སྐད་བདེ་པོས“ ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱེད་ཐུབ་པ་མ་ཟད། ཟླ་རེར་གླ་ཆ་སྒོར་2800ཡོད་པའི་ཁར་ཞིང་འབྲོག་སོགས་ཀྱི་ཡོང་འབབ་གཞན་དག་བསྣན་ཚེ་ཁྱིམ་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་ཡི་འདུག”ཅེས་བཤད།

རྒྱུན་འཛིན་ལས་གྲོང་ཚོ་ཞིག་གི་མ་འོངས་མཛེས་སྡུག་མངོན།

མཛོ་སྒང་རྫོང་གྲོང་ནས་རྒྱལ་ལམ་318བརྒྱུད་ནུབ་ཕྱོགས་སུ་སྤྱི་ལེ་15ཙམ་བསྐྱོད་ན་གླད་མདའ་གྲོང་ཚོར་སླེབས་ཀྱི་ཡོད། གཡུ་ཆུའི་ངོགས་ཀྱི་རི་འདབས་སུ་བོད་བཟོའི་སྡོད་ཁང་གྲལ་སྟར་འགྲིག་པོས་བསྐྲུན་ཡོད།

གཞུང་ལམ་འགྲམ་དུ་ཐོག་སོ་ཉིས་ལྡན་གྱི་བོད་བཟོའི་ཐོག་བརྩེགས་ཁང་པ་ཞིག་ཡོད་པ་དེ་ནི་2017ལོར་ཞ་མོན་གྱིས་རོགས་སྐྲུན་བྱས་པའི་གྲོང་ཚོའི་ལོ་རྒྱུས་བཤམས་སྟོན་ཁང་རེད། འགྲེམས་ཁང་ནང་སྐྱོད་སྐབས་ལག་པས་བཙེམས་པའི་རྒྱལ་དར་འདི་ཉིད་དེ་བས་དམར་མདངས་བཀྲ

“འདི་ནི་ལོ་དེར་གྲོང་མི་9ཡིས་བཙེམས་པའི་དར་ཆ་ཡིན་པ་དང་དེས་ང་ཚོ་གྲོང་མི་ཡོངས་ཀྱིས་ཏང་དང་མེས་རྒྱལ་ལ་ལྷག་བསམ་རྣམ་དག་བྱེད་པ་མཚོན་གྱི་ཡོད”ཅེས་གླད་མདའ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐུབ་བསྟན་འཇམ་དབྱངས་ཀྱིས་བཤད།

རིག་འཛིན་ལྷ་གཡང་གིས“སྐབས་དེ་དུས་གྲོང་མི་ཚོ་མཉམ་སྡེབ་ངལ་རྩོལ་བྱེད་སྐབས་དར་ཆ་དེ་ཞིང་ནང་དང་མུ་ཁར་འཛུགས་པ་དང་། ཚོགས་འདུ་འཚོག་སྐབས་གྱང་ངོས་སུ་འགེལ་གྱི་ཡོད། གྲོང་མི་ཡོངས་ཀྱིས་དར་ཆ་དེ་ནོར་བུར་བརྩི་གི་ཡོད”ཅེས་བཤད།

དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ལོ་ཟླའི་འཕོ་འགྱུར་བརྒྱུད། དར་ཆ་དེའི་ཐོག་གྲོང་མི་ཡོངས་ཀྱིས་ཏང་ལ་བློ་དཀར་སེམས་དཀར་བྱས་པ་གསལ་པོ་བཀོད་པ་མ་ཟད། ད་དུང་ཁོང་ཚོའི་གཟི་བརྗིད་དང་སྤོབས་སེམས་ཀྱང་བཀོད་ཡོད།

2008ལོར་གླད་མདའ་གྲོང་ཚོས་གྲོང་ཚོའི་ལོ་རྒྱུས་བཤམས་སྟོན་ཁང་གྲབས་འཛུགས་བྱས་པ་དང། གྲོང་མི་ཡོངས་ལ་ཁྱིམ་གྱི་ཅ་ལག་རྙིང་པ་ཞལ་འདེབས་རྒྱག་རྒྱུའི་སྐུལ་སློང་བྱས་པས་ཐུབ་བསྟན་འགྱུར་མེད་ཀྱིས་སྨྱུག་མའི་སློ་མ་ནག་པོ་ཞིག་ཁྱེར་ནས་བློ་བཟང་དབང་འདུས་འཚོལ་བར་ཡོང་།

“རྒྱལ་དར་འདི་སྒམ་ཆུང་འདིའི་ནང་དུ་བླུགས་ནས་ངའི་ཁྱིམ་དུ་ཉར་ཚགས་བྱས་པ་ཡིན། ད་ཐེངས་བཤམས་སྟོན་ཁང་དུ་བཀལ་ནས་མི་ཚང་མས་མཐོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་གྲོང་མི་ཐུབ་བསྟན་འགྱུར་མེད་ནི་རྒྱལ་དར་འཚེམ་བཟོའི་ནང་ཞུགས་མཁན་ཏང་ཡོན་རྒན་གྲས་འཕྲིན་ལས་བསྟན་པའི་ཚ་མོའི་མག་པ་ཡིན་ཞིང་། སྐབས་དེར་ཁོང་ཚེ་འདས་བགྲེས་སོང་འཕྲིན་ལས་བསྟན་པའི་ཁྱིམ་དུ་སྡོད་ཀྱི་ཡོད།

ལོ་4ཡི་རྗེས་སུ་གླད་མདའ་གྲོང་ཚོའི་སྟབས་བདེའི་ལོ་རྒྱུས་བཤམས་སྟོན་ཁང་དེ་སྒོ་ཕྱེ་བ་དང་། རྒྱལ་དར་འདི་ཤིང་གི་པར་སྒྲོམ་ནང་བླུགས་ནས་བཀལ་ཡོད་ལ་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་བདག་པོ་བརྒྱབ་ཀྱི་ཡོད།

དར་དམར་འདི་དང་མཉམ་དུ་འགྲེམས་སྟོན་བྱས་པའི་ནང་ད་དུང་ཅ་ལག་རྙིང་པ་500ལྷག་ཙམ་ཡོད་པ་དེའི་ཁྲོད་མར་ཟོམ་དང་། རྟ་སྒ བོད་ཆས་སོགས་ཡོད་པ་རེད། “འདི་དག་མང་ཆེ་བ་ནི་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གྲོང་མི་ཚོས་སྤྱོད་མྱོང་བའི་ཐོན་སྐྱེད་དང་འཚོ་བའི་ཡོ་བྱད་ཤ་སྟག་རེད། སྔོན་ཆད་དབུལ་ཞིང་ཕོངས་པ་ནས་ད་ལྟའི་ཟས་གོས་ལ་སེམས་ཁྲལ་མེད་པའི་བར་ཚང་མ་ནི་ཏང་གི་འགོ་ཁྲིད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ང་ཚོས་མི་རབས་རྗེས་མར་བརྗོད་ཆེད་ཡིན”ཞེས་ཐུབ་བསྟན་འཇམ་དབྱངས་ཀྱིས་བཤད།

2019ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་མཚམས་སུ། གླད་མདའ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཏང་ཡོན་11གིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་སླར་ཡང་རྒྱལ་དར་ཞིག་བཙེམས་པ་མ་ཟད། དར་ཆ་སྒྲེང་བའི་མཛད་སྒོ་གཟབ་རྒྱས་ཤིག་ཀྱང་འཚོགས་པ་རེད།

ད་ཆ་རྒྱལ་དར་དེ་བཤམས་སྟོན་ཁང་དུ་འགྲེམས་སྟོན་བྱེད་བཞིན་ཡོད། ལག་པས་བཙེམས་པའི་དར་དམར་དེ་གཉིས་ཕན་ཚུན་འོད་མདངས་འཕྲོ་རེས་བྱེད་པ་མ་ཟད། གླད་མདའ་གྲོང་ཚོའི་འབྱུང་འགྱུར་ཡང་མངོན་པར་བྱས།

ཉི་འོད་ཁང་པའི་ནང་བསྡད་དེ་སྒེའུ་ཁུང་ཕྱི་རོལ་གྱི་རྣམ་པ་གསར་རྐྱང་གི་གྲོང་ཚོར་ལྟ་བཞིན་རིག་འཛིན་ལྷ་གཡང་གིས“ད་ལྟའི་འཚོ་བ་ནི་ནམ་ཡང་རྫོགས་མཐའ་མེད་པའི་བདེ་སྐྱིད་འཚོ་བ་ཞིག་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་7ཉིན་འབྱོར་བའི་གློག་འཕྲིན)

(བདེ་སྐྱིད་དང་བསོད་ནམས་ཆོས་སྐྱིད་ཀྱིས་སྒྱུར་ཞུས་བྱས)