《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月13日

རི་ཚོགས་སྔོ་ཐིང་ཐིང་དུ་གྱུར་ནས་མཛེས་སྡུག་རྣམ་པར་བཀྲ

—— ཆབ་མདོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ས་མཐོའི་སྣོད་བཅུད་ཡག་པོ་བསྲུངས་པ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཆེད་ཕུལ་བའི་ལེགས་སྐྱེས་ཆེ་ཤོས་ཤིག་ཡིན་ཞེས་གསུངས་ཡོད།

བཅིངས་འགྲོལ་ཐོབ་ནས་ལོ་70སོང་རིང་། ཆབ་མདོས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གྲོང་ཁྱེར་དེ་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ནས་ཁྱབ་པ་བྱས་ཡོད། ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ལག་བསྟར་བྱས་ཏེ་གཙང་གསུམ་ས་གཞི་ཆེ་མོར་སྔར་བས་མཛེས་སྡུག་ལྡན་པ་དང་རི་བོ་སྔོ་ཐིང་ཐིང་དུ་གྱུར་ནས། སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཙུགས་ཡོད།

ཤིང་འཛུགས་ནགས་བཟོ་བྱས་ནས་བོད་ཤར་རྒྱུད་སྔོ་ཐིང་ཐིང་དུ་གྱུར་པ།

ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་། རྒྱལ་ཁབ་སྣོད་བཅུད་གླིང་གྲོང་ཁྱེར་གཏོད་འཛུགས། སྣོད་བཅུད་ཁ་གསབ་དབུལ་སྒྲོལ། རྩྭ་ཐང་དོ་དམ་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ནས། གྲོང་ཁྱེར་དེ་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པས་སྣོད་བཅུད་སྲུང་ཡོལ་གྱི་ནུས་པ་རིམ་བཞིན་ཆེ་རུ་ཕྱིན་ཡོད།

རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱེད་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ད་ཡོད་ཀྱི་ས་ཁམས་ཁོར་ཡུག་དང་། ཆུ་རྒྱུད་ཆ་རྐྱེན། གནམ་གཤིས་ཀྱི་ཁྱད་ཆོས་སོགས་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འདྲེས་མཚམས་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས། གཞུང་ལམ་ལམ་རྒྱུད་ཀྱི་སྔོ་འགྱུར་འཛུགས་སྐྲུན་བཅས་མངོན་གསལ་དོད་དུ་བཏང་སྟེ་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཐོན་ལས་གླིང་། སྤྱི་པའི་ཁོར་ཡུག་མཛེས་འགྱུར་བཅས་ལ་དམ་འཛིན་ཡག་པོ་བྱས་ཡོད།

2018ལོར་མཛོ་སྒང་དང་། སྟེང་ཆེན། ལྷོ་རོང་། དཔལ་འབར་སོགས་རྫོང་བཞིར“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་འདུ་འགོད་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ནགས་བཟོ་མུའུ་24681.8བྱས་ཡོད།(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) 2018ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4300མན་གྱི་ལྗོན་ཤིང་མེད་པའི་གྲོང་ཚོ་368དང་ལྗོན་ཤིང་མེད་པའི་དུད་ཚང་36122ལ་ཤིང་འཛུགས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ནས་རིགས་ཁག་གི་སྡོང་ཕྲུག་རྐང་ཁྲི་130ལྷག་བཏབ་ཡོད།

2019ལོར་གྲོང་ཁུལ་སྔོ་འགྱུར་མཛེས་འགྱུར་དང་དེ་བཞིན“མེ་ཏོག་གླིང”གི་བྱ་སྤྱོད་ནང་རིགས་ཁག་གི་སྡོང་ཕྲུག་རྐང་ཁྲི་40ལྷག་བཏབ་པ་དང་སྐལ་བཟང་མེ་ཏོག་སྨི་ངོས་གྲུ་ཁྲི་1.2བཏབ་ཡོད།

འདི་ལོ་ལེགས་གྲུབ་བྱུང་བའི“ཆབ་མདོར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་70འཁོར་བའི”རྟེན་འབྲེལ་ཆེ་མོའི་རྣམ་གྲངས་ཀྱི་མཐའ་འཁོར་སྔོ་འགྱུར་གྱི་འདུ་འགོད་ནང་ཁྱོན་ནགས་བཟོ་མུའུ་2000བྱས་པ་དང་སྡོང་ཕྲུག་རྐང་ཁྲི་1.2ལྷག་བཏབ་ཡོད།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2016ལོ་ཚུན་གྲོང་ཁྱེར་ཡོངས་ཀྱིས་སྡོང་ཕྲུག་རྐང་ཁྲི་200བཏབ་ནས་རིམ་རྩིས་བྱས་ན་མིས་བཟོས་ནགས་ས་མུའུ་ཁྲི་37.56མང་དུ་ཕྱིན་པ་དང་། ས་བབ་སྨི་4300མན་གྱི་ལྗོན་ཤིང་མེད་པའི་གྲོང་ཚོ་ཚང་མར་ལྗོན་ཤིང་བཏབ་ནས་ནགས་ཚལ་ཁེབས་ཚད་34.78%བར་ཆེ་རུ་ཕྱིན་ཡོད།

རང་བྱུང་ལ་སྲུང་སྐྱོང་བྱས་ནས་གཙང་གསུམ་རྒྱུད་ཀྱི་སྲོག་ཆགས་རྣམས་བདེ་ཞིང་སྐྱིད་པ།

ད་ཕན་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་18852.89བཏང་ནས་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་རང་བྱུང་སྲུང་སྐྱོང་ཁུལ་3ལ་འཛུགས་སྐྲུན་ལས་དོན་སྤེལ་ཞིང་། དེའི་ཁྲོད་ཀྱི་རི་བོ་ཆེའི་ཤྭ་བ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་8218བཏང་བ་དང་། སྨར་ཁམས་སྤྲེའུ་སྤུ་སེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་7759.89བཏང་བ། དཔའ་ཤོད་རྫོང་ར་འོག་མཚེའུ་འདམ་ར་རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་2875བཏང་ཡོད།

སློང་ལའི་སྤྲེའུ་སྤུ་སེར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་སྨར་ཁམས་རྫོང་གིས་1986ལོར་བསྐྲུན་པའི་སློང་ལའི་རང་བྱུང་སྲུང་སྐྱོང་ཁུལ་ནས་བྱུང་བ་ཞིག་ཡིན། སྲུང་སྐྱོང་ཁུལ་དེའི་དོ་དམ་ས་ཚིགས་ཀྱི་འགན་འཁུར་བ་བསོད་ནམས་ཚེ་རིང་གིས། སྲུང་སྐྱོང་ཁུལ་དེར་ལོ་30ལྷག་ཙམ་འཕེལ་རྒྱས་སོང་རིང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ས་གནས་དེ་གའི་མང་ཚོགས་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་མ་ཟད། སྤྲེའུ་སྤུ་སེར་འཚོ་གནས་ཁུལ་ལའང་སྲུང་སྐྱོང་ནུས་ལྡན་ཐུབ་ནས་སྤྲེའུ་སྤུ་སེར་གྱི་གྲངས་འབོར་800ལྷག་ཙམ་བར་མང་དུ་སོང་ཡོད།

“ད་ཆ་ལྐོག་ཏུ་ཤིང་གཅོད་པ་དང་རྔོན་རྒྱག་མཁན་མེད་པར་ཁྱིམ་ཚང་ཚང་མར་སྣོད་བཅུད་ནགས་སྲུང་བ་རེ་ཡོད། གྲོང་མིར་སྤྲེའུ་སྤུ་སེར་འཕྲད་སྐབས་ཁོང་ཚོ་མི་སྐྲག་པའི་ཆེད། རང་འགུལ་ངང་གཡོལ་ནས་འགྲོ་གི་ཡོད”ཅེས་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་པ་བསྟན་ཕུན་གྱིས་བཤད།

“སྣོད་བཅུད་ཀྱི་ཕན་པ”ཐོབ་ནས་མང་ཚོགས་ཚོའི་ཡོང་འབབ་མང་དུ་སོང་བ།

ཁ་རུབ་ཆུས་རུ་བཞི་ཤང་རུ་བཞི་གྲོང་ཚོར་འཚོ་བ་བསྐྱལ་ནས་ལོ་50སོང་བའི་ཚེ་རིང་ཕུན་ཚོགས་ཀྱི་ལོ་དེ་དག་རིང་གི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

2015ལོར་རུ་བཞི་གྲོང་ཚོས་སྡོང་ཕྲུག་ར་བ་བསྐྲུན་ནས་ཁོང་གིས་རང་ཁྱིམ་གྱི་མུའུ་28ཀྱི་རི་ཞིང་ལོ་ལྟར་མུའུ་རེར་སྒོར་1000གི་རིན་གོང་བྱས་ནས་ཆབ་མདོ་གྲོང་ཁྱེར་ནགས་ལས་ཚད་ཡོད་ཀུང་སིར་སྡོང་ཕྲུག་ར་བ་བསྐྲུན་རྒྱུར་བོགས་མར་བཏང་བས་ལོ་ལྟར་ཡོང་འབབ་སྒོར་ཁྲི་2.8ཡོང་གི་ཡོད། “དེས་ས་ཞིང་འདེབས་པའི་དུས་ཚོད་དང་ངལ་ནུས་གྲོན་ཆུང་ཐུབ་པ་དང་། དལ་བའི་དུས་སུ་ཚོང་ཆུང་ཆུང་འདྲ་རྒྱག་གི་ཡོད་པས་དངོས་འབྲེལ་ཡག་པོ་འདུག”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་དགའ་ཚོར་ཆེན་པོས་བཤད།

“འདི་ལོ་ང་ཁ་རུབ་ཆུས་ནགས་ལས་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་སྡོང་ཕྲུག་འདེབས་འཛུགས་དོ་དམ་དང་ལྗང་གསོའི་ལག་རྩལ་སོགས་ཀྱི་གསོ་སྦྱོང་ནང་ཞུགས་པ་ཡིན། སྡོང་ཕྲུག་རྟེན་གཞིའི་ནང་ལས་ཀ་བྱས་ཚེ་ཉིན་ལྟར་སྒོར་150ཡོང་གི་འདུག ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པ་མ་ཟད། ད་དུང་རྒན་རྒོན་དང་ཕྲུ་གུར་ཡང་ལྟ་རྟོག་ཐུབ་ཀྱི་འདུག”ཅེས་ཚེ་རིང་ཕུན་ཚོགས་ཀྱིས་དགའ་ཚོར་ཆེན་པོས་བཤད།

“སྣོད་བཅུད་ཐབས་ལམ”སྤྱད་ནས“སྣོད་བཅུད་ཀྱི་ཕན་པ”ཐོབ་མཁན་བྲག་གཡབ་རྫོང་དུ་ཡང་མང་པོ་ཡོད།

2015ལོར་བྲག་གཡབ་རྫོང་གིས་མུའུ་ཁྲིའི་དཔལ་འབྱོར་ནགས་ཚལ་བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ཤིང་། ད་ཆ་མུའུ་11985དང་སྡོང་ཕྲུག་རྐང་ཁྲི་52ལྷག་གི་རིགས་གསར་ལྗོན་ཤིང་དང་། ཀུ་ཤུའི་སྡོང་པོ། ཁམ་བུའི་སྡོང་པོ་སོགས་དཔལ་འབྱོར་ནགས་ཚལ་གྱི་ཕན་འབྲས་རགས་ཙམ་ཐོན་པ་དང་རི་ཀླུང་ཀུན་ཏུ་ཁྱབ་པའི་ནགས་ཤིང་གིས“རི་སྔོན་པོར་གྱུར་པ་དང་། སྣོད་བཅུད་སྲུང་སྐྱོང་ཐུབ་པ། མི་སེར་ཕྱུག་པོ་ཆགས་པ”བཅས་བྱུང་ཡོད།

2017ལོར་བྲག་གཡབ་རྫོང་གི་རིགས་གསར་ལྗོན་ཤིང་གི་སྡོང་ཕྲུག་མཁར་སྒང་ཤང་འདེན་ཤོད་གྲོང་ཚོར་བཏབ་ཡོད། རྣམ་གྲངས་དེས“ཁེ་ལས་དང་ཞིང་དུད”ཟུང་འབྲེལ་བྱེད་སྟངས་སྤྱད་ནས་ས་ཞིང་ནང་བཤུག་བཏང་སྟེ་མུའུ་རེར་སྒོར་1000གི་རིན་གོང་ཐོག་ནས་རྨོ་བསྐྱུར་ས་ཞིང་མུའུ་309ནང་བཤུག་བཏང་ཡོད། གྲོང་མི་བྱམས་པ་དངོས་གྲུབ་ཁྱིམ་གྱི་ས་ཞིང་མུའུ་9ནང་བཤུག་བཏང་བས་ལོ་ལྟར་ཡོང་འབབ་སྒོར་9000ཡོང་གི་ཡོད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པའི་ཁོང་སྡོང་ཕྲུག་ར་བའི་ནང་སྔོན་ལ་ལས་བགོས་བརྒྱབ་པས་འདེབས་འཛུགས་ལས་མི་ཞིག་ཏུ་གྱུར་ཡོད།

“སྡོང་ཕྲུག་ར་བའི་ནང་ལས་ཀ་བྱས་ནས་ལོ་གཉིས་ལྷག་ཙམ་སོང་ཚུན། འདེབས་འཛུགས་ནས་ཤིང་ཡལ་གཅོད་རྒྱག་སྟངས་སོགས་ཀྱི་ལག་རྩལ་ངས་མང་པོ་ཤེས་བྱུང་། ཉིན་གཅིག་ལས་ཀ་བྱས་ཚེ་གླ་ཆ་སྒོར་100ཡོད་པས་ན་ནིང་ང་རང་ལ་གླ་ཆ་སྒོར་6000ལྷག་ཙམ་རག་བྱུང་། རྒྱུན་དུ་སྡོང་ཕྲུག་ར་བའི་ནང་ལས་ཀ་མེད་ཚེ་ངས་ཕྱིར་ལས་ཀ་ཙག་ཙིག་འདྲ་བྱེད་ཀྱི་ཡོད། 2019ལོར་ལས་ཀ་ཙག་ཙིག་བྱས་ནས་ཡོང་འབབ་སྒོར་ཁྲི་1.5རག་བྱུང་། དེ་དག་ས་ཞིང་འདེབས་པ་དང་བསྡུར་ན་ཧ་ཅང་གིས་ཡག་པ་འདུག”ཅེས་བྱམས་པ་དངོས་གྲུབ་ཀྱིས་བཤད།

ད་ཆ་ཆབ་མདོར་རི་སྔོ་བ་དང་། ཆུ་དྭངས་བ། ནམ་མཁའ་གཡའ་དག་པ་བཅས་ལས་ལྷ་ཡུལ་ལྟར་གྱི་མཛེས་ལྗོངས་ཤིག་སྣང་།