《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月13日

ཁྱིམ་གཞིས་གསར་པའི་བདེ་སྐྱིད་འཚོ་བ།

—— མཚོ་གཉིས་རྫོང་ཡག་ཆུ་ཤང་གི་ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོས་བྱ་ཡུལ་དུ་བཅར་འདྲི་བྱས་པའི་སྐོར་བཀོད་པ།

འདི་ནི་ལྷོ་ཁའི་སྲིན་བུ་རིའི་གནས་སྤོས་བྱ་ཡུལ་དུ་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་དུས་ཆེན་དགའ་གཏོང་བྱེད་བཞིན་པ།

ཡག་ཆུ་ཞེས་པའི་མིང་དེ་ཆུ་མིག་ཅིག་ལས་ཐོབ་པ་རེད། ཆུ་མིག་དེ་ནི་ཡག་ཆུ་འབྲོག་པས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་ཡིན། འོན་ཀྱང་། དངོས་ཡོད་ཀྱི་གནས་ཚུལ་ནི་ས་བབ་མཐོ་ཚད་སྨི་5000ཟིན་པའི་མི་མེད་ལུང་སྟོང་གི་ལྟེ་བར་གནས་པས། མཐོ་ཞིང་གྲང་བ་དང་། གསོ་རླུང་དཀོན་པ། ཐག་རིང་ལུང་ཁུག སྨན་པ་བསྟེན་དཀའ་བ། སློབ་གསོ་མྱོང་དཀའ་བ། ཕྱིར་སྐྱོད་དཀའ་བ་བཅས་ཀྱི་དཀའ་ངལ་མང་པོ་ལྡན་ཡོད།

དུས་རབས་གོང་མའི་ལོ་རབས་བདུན་ཅུར་རྩྭ་ར་དང་ཕྱུགས་རིགས་ཀྱི་འགལ་ཟླ་ཞི་ལྷོད་དུ་གཏོང་ཆེད། ཤན་རྩ་རྫོང་དང་དཔལ་མགོན་རྫོང་གི་འབྲོག་པ་ཁག་གཅིག་བྱང་ཕྱོགས་སུ་སྐྱས་སྤོས་ནས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་མི་མེད་ལུང་སྟོང་དེར་འཚོ་བ་སྐྱེལ་འགོ་བརྩམས། ས་གནས་དེ་གའི་འབྲོག་པས་གནས་དེར་འཚོ་བ་སྐྱེལ་བར“ཕྱུགས་རིགས་ལ་ཕན་པ་ཡོད་རུང་། མི་ལ་གནོད་པ་ཆེན་པོ་འདུག”ཅེས་བརྗོད་བྱུང་། “འབྲོག་པ་མང་ཚོགས་ལ་ཕོག་མང་ཤོས་ཀྱི་ནད་གཞི་ནི་གྲུམ་བུའི་ནད་དང་ཀླད་སྙིང་ཁྲག་རྩའི་ནད་ཡིན་པས་གློ་བུར་དུ་ནད་རྟགས་ཐོན་ཚེ་སྤྱི་ལེ་500ལྷག་ཙམ་ཡོད་པའི་ནག་ཆུ་དང་སྤྱི་ལེ་800ལྷག་ཙམ་ཡོད་པའི་ལྷ་སར་བསྐྱོད་དགོས་པས་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་ཀྱི་མེད”ཅེས་དེ་གར་ལས་ཀ་བྱས་ནས་ལོ་ལྔ་སོང་བའི་ཡག་ཆུ་ཤང་གི་ཤང་ཀྲང་འཕྲིན་ལས་ཀྱིས་བཤད།

ས་བབ་ཤིན་ཏུ་མཐོ་བའི་འབྲོག་པ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་ཇི་ལྟར་བྱས་ནས་འགན་ལེན་བྱེད་དགོས་པ་དང་མི་དང་རང་བྱུང་ཁམས་ཇི་ལྟར་བྱས་ནས་མཉམ་གནས་བྱེད་དགོས་པ་སོགས་ཀྱི་གནད་དོན་ཐད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་སྣོད་བཅུད་གནས་སྤོས་བཀོད་སྒྲིག་ལས་དོན་སྤེལ་འགོ་ཚུཌ་པ་དང་བསྟུན་ནས་གནད་དོན་དེ་དག་ཐག་གཅོད་ནུས་ལྡན་ཐུབ་ཡོད།

“ཕྲུ་གུ་སློབ་གྲྭར་འགྲོ་བ་དང་ལུས་ཁམས་གསོ་ཆེད། ལྷ་སར་སྡོད་འདོད་སྔ་ས་ནས་བྱུང་། ཁྱིམ་མཚེས་མང་པོ་ཞིག་ཀྱང་སྔ་ས་ནས་ལྷ་སར་སྤོས་ཡོད། ད་ཆ་ཏང་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་སྤྱི་ཡོངས་འགན་ལེན་ཐུབ་པ་བསམ་བློའི་ཡུལ་ལའང་འཁོར་མྱོང་མེད”ཅེས་ཡག་ཆུ་ཤང་དབྱི་གན་སྲུབ་གྲོང་ཚོའི་འབྲོག་པ་མིག་གསལ་གྱིས་བརྗོད། ཁོང་གིས་བཅར་འདྲི་དང་ལེན་བྱེད་སྐབས་གྲོང་ཚོའི་མཉམ་ལས་ཁང་གི་བཀོད་སྒྲིག་ལྟར་མཚོ་གཉིས་ཕྱུགས་འཚོ་སར་རྫི་བོར་འགྲོ་བཞིན་ཡོད། ཁོང་གིས་གནས་སྤོས་རྗེས་སྔར་ཡོད་ཀྱི་འབྲོག་ལས་སྲིད་ཇུས་མུ་མཐུད་ལོངས་སྤྱོད་ཐུབ་པ་མ་ཟད། ད་དུང་གཟུགས་པོ་ཐང་དུ་སོང་བ་དང་། སྡོད་ཁང་རྒྱ་ཆེ་རུ་སོང་བ། དེ་བས་སྟབས་བདེ་བའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བཅས་བྱུང་ཞེས་གསར་འགོད་པར་བརྗོད་བྱུང་།

“རི་སྐྱེས་སྲོག་ཆགས་ཀྱི་སྐྱེད་ཚལ”ཞེས་འབོད་པའི་མཚོ་གཉིས་རྫོང་ནི་མིང་དོན་མཚུངས་པའི“རྩྭ་ཐང་འབྲོག་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས”མ་རེད། གནས་དེ་ནས་སྤྱི་ལེ་སྟོང་ལྷག་ཙམ་ཆོད་པའི་ལྷོ་ཁའི་སྲིན་བུ་རི་ནི་ཡག་ཆུ་འབྲོག་པའི་ཁྱིམ་གཞིས་གསར་པ་ཡིན།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གསར་འགོད་པ་དང་བཅས་པ་མཚོ་གཉིས་རྫོང་ནས་ཐོན་ཏེ་སྲིན་བུ་རིའི་གནས་སྤོས་འབྲོག་པ་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་པ་ཡིན། བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་སྐྱོད་སྐབས་བྱང་རྩྭ་ཐང་དང་ཡར་ཀླུང་གི་ལུང་གཞུང་དབར་ཁྱད་པར་ཆེན་པོ་དེ་འདྲ་ཡོད་པ་ད་བར་ཚོར་མྱོང་མེད་ལ་ཐད་ཀར་བསྡུར་བ་འདི་འདྲའང་བྱེད་མྱོང་མེད།

“གནས་འདིར་ས་བབ་དམའ་ཞིང་ཁོར་ཡུག་ལེགས་པ་དང་། གཟུགས་པོ་དེ་སྔོན་ལས་ཐང་དུ་སོང་བས་ཧ་ཅང་སྐྱིད་པོ་འདུག དེ་སྔ་་སྨན་བཅོས་བྱེད་དགོས་ཚེ་སྤྱི་ལེ་50ལྷག་ཙམ་ཡོད་པའི་ཤང་འཕྲོད་བསྟེན་ཁང་དུ་སྐྱོད་དགོས། ད་ཆ་སྨན་ཁང་འགྲམ་དུ་རང་ཡོད་པས་སྐར་མ་10ལ་སླེབས་ཀྱི་འདུག སྨན་ཁང་གི་ཆ་རྐྱེན་ཡང་ཡག་པོ་འདུག ལྷ་སར་སྨན་བཅོས་བྱེད་པར་བསྐྱོད་ཚེ་དུས་གཏན་རླངས་འཁོར་ཡོད་པ་མ་ཟད། ཆུ་ཚོད་གཅིག་ལ་སླེབས་པ་དང་བདལ་གླའང་སྒོར་60ལས་དགོས་ཀྱི་མི་འདུག གནམ་ཐང་དུ་བསྐྱོད་ཚེ་སྐར་མ་10ལས་འགོར་གྱི་མི་འདུག”ཅེས་ལོ་70ལ་སླེབས་ཤིང་གྲུམ་བུའི་ནད་ཕོག་པའི་ནོར་ཆུང་གིས་དེ་ལྟར་བརྗོད་བྱུང། ནོར་ཆུང་ལ་ཚོར་བའི་འགྱུར་ལྡོག་དེ་སྨན་པ་བསྟེན་པ་ཙམ་མ་རེད། སྡོད་ཁང་ཐད་དེ་སྔའི་ས་ཕག་གི་ཁང་པ་ཡིན་པ་དང་ཆ་རྐྱེན་ཡང་དེ་ཙམ་ཡག་པོ་མེད། ད་ཆ་སྨི་ངོས་གྲུ་120ཟིན་པའི་སྒོ་ར་ཡོད་པའི་བོད་བཟོའི་ཐོག་སོ་ཉིས་ལྡན་གྱི་ཁང་གསར་དུ་སྡོད་ཀྱི་ཡོད། འཐུང་ཆུའི་ཐད་དེ་སྔ་ཁྲོན་པ་དང་ཆུ་མིག་ཡིན་པ་དང་དགུན་ཁར་འཁྱག་པ་ཐེབས་ཚེ་འཁྱག་པ་སྐོལ་དགོས། ད་ཆ་ཆུ་ཀ་ལ་ཁྱིམ་དུ་ཁྲིད་ཡོད། གློག་སྤྱོད་པའི་ཐད་དེ་སྔ་ཉི་ནུས་ལ་རྟེན་དགོས་པས་གནམ་གཤིས་ཡག་པོ་མེད་དུས་གློག་འདང་གི་མེད། ད་ཆ་གློག་སྒོ་མནན་ཙམ་བྱས་ཚེ་གློག་སྤྱོད་ཐུབ་ཀྱི་ཡོད། འཕྲིན་གཏོང་ཐད་དེ་སྔ་བརྡ་རྟགས་ཡག་པོ་མེད་པས་རྟག་ཏུ་ཁ་པར་རྒྱག་ཐུབ་ཀྱི་མེད། ད་ཆ་དུས་ངེས་མེད་ལ་རྒྱག་ཐུབ་པས་ཧ་ཅང་སྟབས་བདེ་ཡོད།

སྲིན་བུ་རིར་འཚོ་སྡོད་བྱས་ཚུན། ནོར་ཆུང་གིས་རྒྱུན་དུ་སྒོ་རའི་ནང་དུ་མེ་ཏོག་སྣ་ཚོགས་བཏབ་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། བུ་མོ་རྒན་པ་མེ་མཚོ་ཉེ་འགྲམ་གྱི་དཔལ་འབྱོར་འདེབས་འཛུགས་གླིང་དུ་ལས་ཀ་བྱེད་བཞིན་ཡོད་པ་དང་ཉིན་ལྟར་གླ་ཆ་སྒོར་160ཡོད་པས། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་4ཙམ་ཟིན་གྱི་ཡོད། གཞན་ཡང་འབྲོག་ལས་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ཁྲི་3ཙམ་ཡོད་པའི་ཐོག་ལུག་20དང་ནོར་1ཡོད། ད་དུང་རྩྭ་ཐང་སྣོད་བཅུད་ཁ་གསབ་བྱ་དགའ་སྒོར་16500ཡོད།

“ད་ཆའི་སློབ་གྲྭའི་ཆ་རྐྱེན་དང་བསྡུར་ཚེ་མཚོ་གཉིས་རྫོང་སློབ་གྲྭའི་ཆ་རྐྱེན་ཅུང་ཞན་པ་དང་། ད་དུང་ཁྱིམ་དང་ཐག་རིང་པོ་ཡོད། ཟླ་ཕྱེད་ཙམ་ལ་མ་གཏོགས་ཁྱིམ་ལ་ལོག་ཐུབ་ཀྱི་མེད། འདི་གའི་སློབ་འབྲིང་གི་སློབ་ཁྲིད་སྤུས་ཚད་ལེགས་ཤིང་ཟ་མ་ཞིམ་པོ་འདུག་ལ། སློབ་གྲྭའི་ཁོར་ཡུག་ཀྱང་ཧ་ཅང་ཡག་པོ་འདུག”ཅེས་གོང་དཀར་རྫོང་སློབ་འབྲིང་དུ་སློབ་སྒྱུར་བྱས་པའི་ད་ལོ་ལོ་16ལ་སླེབས་པའི་ནོར་ཆུང་གི་ཚ་མོ་ཡེ་ཤེས་ཕུན་ཚོགས་ཀྱིས་བཤད། ཁོ་མོ་ཞབས་བྲོར་དགའ་པོ་ཡོད་པས་ད་ལྟ་སློབ་གྲྭའི་རིག་རྩལ་རུ་ཁག་གི་ཁོངས་མིར་གྱུར་ཡོད།

ཡག་ཆུ་ཤང་གི་གསོན་ཉམས་དོད་པའི་དཔེ་མཚོན་ནི་རང་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་སྣོད་བཅུད་གནས་སྤོས་ཀྱི་བསྡུས་རིས་ཤིག་རེད། ཁོ་ཚོས་ཁྱིམ་གཞིས་གསར་པར་སྤོས་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ཞིག་སྐྱེལ་བཞིན་མཆིས།

(ཚེ་ཁོས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)