《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月11日

ལོ་རྒྱུས་ཀྱི་གཟི་བརྗིད་རྒྱུན་འཛིན་གྱིས། འོད་སྟོང་གི་བྱས་རྗེས་སླར་ཡང་གཏོད།

ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། འབད་འབུངས་ཡར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་པའི་གལ་ཆེའི་དུས་སྐབས་སུ་ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། དེ་ནི་ཆབ་མདོ་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་བཀྲ་ཤིས་པའི་དོན་ཆེན་ཞིག་ཡིན་པས་ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།

དུས་ཚོད་ནི་རླབས་ཆེན་གྱི་ཡིག་མཁན་ཞིག་དང་། ལོ་རྒྱུས་ནི་ལྷག་བསམ་རྣམ་དག་གི་དཔང་མི་ཞིག་རེད། ལོ་ངོ་70ཡི་གོང་དུ་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་བོད་ནས་མཐར་སྐྲོད་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་སྲུང་སྐྱོང་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་བཅིངས་འགྲོལ་གཏོང་བ་བཅས་བྱ་ཆེད་ཏང་ཀྲུང་དབྱང་གིས་ཆབ་མདོའི་གཡུལ་འགྱེད་ལག་ལེན་བསྟར་ནས། བོད་དུ་དཔུང་འཇུག་བྱེད་པའི་སྒོ་མོ་ཕྱེ་སྟེ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་གངས་ལྗོངས་ས་མཐོར་ཐེངས་དང་པོ་བཙུགས་པ་ནས་བཟུང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་མདུན་སྐྱོད་ལ་སྣེ་ཁྲིད་བྱེད་པའི་འོད་སྟོང་འཕྲོ་བའི་དར་ཆར་གྱུར་ཡོད། ཆབ་མདོའི་གཡུལ་འགྱེད་དང་ཆབ་མདོ་བཅིངས་འགྲོལ་བཏང་བར་བརྟེན། བོད་ཀྱི་ཁ་ཕྲལ་རིང་ལུགས་པས་བཙན་རྒྱལ་རིང་ལུགས་ཀྱི་ཕྱོགས་གཏོགས་ལ་བརྟེན་ནས་ཀྲུང་གོ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་དང“བོད་རང་བཙན”ཡོང་བའི་རྨི་ལམ་ཐལ་བའི་རྡུལ་དུ་བརླགས་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་པ། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་གཏོང་བའི་དུང་བརྡ་གྲགས་པ། བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་བཅས་ལ་འཕྲད་པའི་འགོག་རྐྱེན་མཐའ་དག་མེད་པར་བཟོས་པས། དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་བརྗིད་ཆེའི་ལེའུ་བརྩམས་ཡོད།

ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ཉི་ཟེར། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་བཅས་ཀྱི་འོག་ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་བྱ་གཞག་ནང་ཧུར་ཐག་ཞུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཆབ་མདོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ། དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དུས་ཡུན་རིང་པོའི་ནང་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་མང་པོ་བསྒྲུབས་པ་མ་ཟད། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྟེ། ལྗོངས་ཡོངས་ཀྱི་རྒྱུན་མཐུད་བརྟན་ལྷིང་དང་མགྱོགས་མྱུར་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བའི་འབྲས་བུ་ཞིག ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས་ལྟ་རེས་སྐྱོང་རེས་དང་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན་པ་དེ་ལས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་ལེགས་ཆ་གང་ལེགས་མངོན་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་མ་ཟད། བོད་ལྗོངས་གསར་པ་དང་ཆབ་མདོ་གསར་པ་དེ་བས་མེད་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་དཔང་པོ་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཚེ། ཆབ་མདོ་འདི་ཉིད་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ།

ཐོག་མའི་བསམ་འདུན་མ་བརྗེད་པར་འབད་འབུངས་མདུན་སྐྱོད་བྱེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པའི་སྐབས་སུ། ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་བཞིན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཚོན་རྟགས་སུ་བྱས་ཏེ། ཆབ་མདོས་ལྗོངས་ཡོངས་དང་མཉམ་དུ་སྔར་བྱུང་མྱོང་མེད་པ་དང་འཕྲད་པར་དཀའ་བའི་རྩ་ཆེའི་གོ་སྐབས་བསུས་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བླ་ན་མེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། བྲག་ལྟར་བརྟན་པའི་དད་མོས་དང་། དད་སེམས། ཡིད་ཆེས་བཅས་ལ་བརྟེན་ནས་སྔ་འཛིན་ཕྱི་གཏོད་ཁྲོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་གསར་པའི་འོད་སྟོང་འཕྲོ་བའི་ལེའུ་རྩོམ་དགོས།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངེས་པར་དུ་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་དགོས། “སྲུང་སྐྱོང་གཉིས”མཐའ་འཁྱོངས་བྱ་རྒྱུ་དེ་ཁ་གསལ་གྱི་ཆབ་སྲིད་ཀྱི་ཚད་གཞི་དང་རྩ་བའི་ཆབ་སྲིད་ཀྱི་བླང་བྱར་བརྩིས་ནས་དུས་རྟག་ཏུ་ཆབ་སྲིད་འཛུགས་སྐྱོང་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་སྔོན་ལ་འཇོག་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་རྦད་དེ་ལྷག་བསམ་རྣམ་དག་བཅས་བྱས་ནས་ལྷག་བསམ་གྱི་བསམ་པ་དང་འབད་འཐབ་ཀྱི་བློ་སྟོབས་ལྡན་པར་བྱེད་དགོས། སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ་དང་། ཏང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱས་ནས་ཏང་མིས་ཏང་ལ་དགའ་ཞེན་བྱེད་པ་དང་། ཏང་མིས་ཏང་གི་སྐད་ཆ་ཤོད་པ་དང་། ཏང་མིས་ཏང་ལ་སེམས་ཁྲལ་བྱེད་པ། ཏང་མིས་ཏང་ལ་སྲུང་སྐྱོང་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་བློ་བརྟན་འགྱུར་མེད་ངང་ཆབ་མདོའི་མི་དམངས་ལ་འཕེལ་རྒྱས་དང་བདེ་སྐྱིད་དོན་གཉེར་བཅས་བྱས་ཏེ་ལས་དོན་ཁག་ཡང་དག་པའི་ཁ་ཕྱོགས་བརྒྱུད་གོམ་ཞེང་ཆེན་པོས་མདུན་ཕྱོགས་སུ་བསྐྱོད་རྒྱུ་འགན་ལེན་བྱེད་དགོས།

ལོ་རྒྱུས་ལ་དྲན་གསོ་ཡག་ཤོས་ཞུ་བ་ནི། ལོ་རྒྱུས་ཟམ་མི་ཆད་པར་གསར་གཏོད་བྱ་རྒྱུ་དེ་ཡིན། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དེ་ནི། ལོ་ངོ་70ཡི་སྤྱིར་བཏང་མིན་པའི་ལོ་ཟླ་དང་འབད་འབུངས་འཐབ་རྩོད་ལ་གུས་བཀུར་ཞུ་བ་ཞིག་དང་། དུས་རབས་གསར་པར་འབད་འབུངས་ཡར་བརྩོན་དང་རྒྱང་སྐྱོད་ལམ་བུ་སླར་ཡང་གཏོད་རྒྱུར་སྐུལ་སློང་དེ་བས་བྱེད་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཧུར་ཐག་བསྐྲུན་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མི་དམངས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་གསར་པ་ཟམ་མི་ཆད་པར་གཏོད་དགོས།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)