《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月10日

འཕྱོངས་རྒྱས་རྫོང་བཅིངས་འགྲོལ་གྲོང་ཚོའི་རྦད་དང་ལྗགས་རྒྱང་།

ལྷོ་ཁའི་དམངས་ཁྲོད་ཆོ་གའི་རོལ་མོའི་འགྱུར་རྡོ་གསོན་པོ་།

བཅིངས་འགྲོལ་གྲོང་ཚོའི་རྦད་དང་ལྗགས་རྒྱང་འཁྲབ་སྟོན་བྱ་ཡུལ་དངོས།

འཕྱོངས་རྒྱས་ཀྱི་འཇུ་བྲོ་འཁྲབ་སྟོན་བྱ་ཡུལ་དངོས།

བུད་མེད་ཚོས་རྦད་དང་ལྗགས་རྒྱང་གཏོང་བཞིན་པ།

སྐྱེས་པ་ཚོས་ལག་ཏུ་གྲི་ཐོགས་ནས་རྦད་དང་ལྗགས་རྒྱང་གཏོང་བཞིན་པ།

བཅིངས་འགྲོལ་གྲོང་ཚོའི་རྦད་དང་ལྗགས་རྒྱང་གི་རྒྱུན་འཛིན་པ་བགྲེས་སོང་བསོད་ནམས་དཔལ་ལྡན་གྱིས་རྦད་གཏོང་བཞིན་པ།

རྒྱུན་འཛིན་པ་ཚོའི་མཉམ་པར།

རྒྱུན་འཛིན་པ་ཚོས་ངག་ཐོག་ནས་རྦད་དང་ལྗགས་རྒྱང་རྒྱུན་འཛིན་བྱེད་པ།

འཕྱོངས་རྒྱས་ཀྱི་ཞབས་བྲོའི་རིགས་ཤིག

འཕྱོངས་རྒྱས་རྫོང་བཅིངས་འགྲོལ་གྲོང་ཚོའི་རྦད་དང་ལྗགས་རྒྱང་གི་རིག་གནས་ནི་དམངས་ཁྲོད་ཀྱི་ངག་རྒྱུན་ཤུལ་བཞག་རིག་གནས་རྩ་ཆེན་ཞིག་ཡིན་ལ། གླིང་གེ་སར་རྒྱལ་པོའི་དུས་ནས་བརྒྱུད་ཡོང་བ་ཞིག་ཀྱང་རེད། རྦད་དང་ལྗགས་རྒྱང་གི་རོལ་མོའི་ཆོ་ག་ནི་སྔོན་གླིང་གེ་སར་རྒྱལ་པོ་ཕྱོགས་བཞིའི་དགྲ་དཔུང་དྲག་འདུལ་གྱི་གཡུལ་ལ་ཞུགས་སྐབས“དཔའ་བོར་སྙིང་ཕུར་གདབ”བྱེད་པ་དང་། གཡུལ་དྲག་དམག་རྩལ་སྦྱོང་། དམག་དཔུང་ལ་གཟི་རྔམ་སྐྱེད་པ་བཅས་ལ་ཕན་ནུས་ལྡན། རུ་འདྲེན་དམག་དཔོན་གྱིས་རྦད་དང་ལྗགས་རྒྱང་བཏང་སྟེ་དགྲ་ལྷར་གསོལ་མཆོད་འབུལ་གྱི་ཡོད།

དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་རྦད་དང་ལྗགས་རྒྱང་སོགས་དམངས་ཁྲོད་རོལ་མོ་དག་ད་ཆ་བཅིངས་འགྲོལ་གྲོང་ཚོའི་རིག་གནས་བྱེད་སྒོའི་གྲས་སུ་གྱུར་ཡོད། མི་རྣམས་ཀྱིས་རྒྱུན་དུ་མི་ལ་ན་ཚ་མི་འབྱུང་ཞིང་ཕྱུགས་ལ་གོད་ཁ་མེད་པ། སོ་ནམ་དར་ཞིང་རྒྱས་པ་དང་། བཀྲ་ཤིས་གཡང་ཀུན་འཁྱིལ་བར་ཤོག་ཅེས་བཤད་ལེན་ཟུང་འབྲེལ་གྱིས་འཁྲབ་ཀྱི་ཡོད། རྦད་དང་ལྗགས་རྒྱང་གི་འཁྲབ་སྟོན་ཁྱབ་ཁོངས་ནི་རྒྱུན་དུ“རུང་ཁང་ལྷ་གསོལ”(རུང་ཁང་ལྷ་ཁང་ཞེས་འཕྱོངས་རྒྱས་རྫོང་ཁོངས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ལྷ་ཁང་ཞིག་ཡིན་ལ། མུ་ནེ་བཙན་པོའི་བཙུན་མོ་རུ་ཡོངས་བཟའ་ཡིས་བཞེངས་པར་བཤད)དུ་འོང་སྐོར་དང་། གཉེན་སྟོན། གཉའ་གཅོག་སོགས་ཀྱི་རྟེན་འབྲེལ་མཛད་སྒོར་སྐྱེས་པ་དག་གིས་རྦད་དང་ལྗགས་རྒྱང་གཏོང་བ་དང་། བུད་མེད་ཚོས“བསྟོད་གཞས”ལེན་པ་མ་ཟད་སྐབས་རེ“ཡ་སངས”(འཆམ་གྱི་རིགས་ཤིག)འཁྲབ་ཀྱི་ཡོད།

དམངས་ཁྲོད་ངག་རྒྱུན་ལས“ཡ་སངས”ནི་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་དུས་སུ་བྱུང་ལ། དེ་ནི་འཕྱོངས་རྒྱས་རི་བོ་བདེ་ཆེན་དགོན་པར་བོད་ཀྱི་དཔོན་པོ་མཐོ་རིགས་ཀྱི་ལས་གནས་བརྗེ་སྤོར་གྱི་ཆོ་གའི་མཛད་སྒོའི་ཐོག་འཁྲབ་པའི་གར་ཞིག་རེད། སྐབས་དེ་དུས་བཅིངས་འགྲོལ་གྲོང་ཚོའི་ཕ་མེས་ཚོས་འཁྲབ་སྟོན་པ་བྱེད་ཀྱི་ཡོད་པས་དཔྱ་ཁྲལ་རིགས་གང་ཡང་འཇལ་དགོས་ཀྱི་མེད། ཆོ་གའི་འཁྲབ་སྟོན་ལ་མི་སྣ་གཙོ་བོ་བཞི་ཡོད་དེ། འགོ་དཔོན་དང་། འགོ་གཡོག གཞས་མ། ཞྭ་སེར་གྱོན་པའི་སྐྱེས་པ་ཞབས་བྲོ་འཁྲབ་མཁན་བཅས་རེད།

རིག་གནས་གསར་བརྗེའི་སྐབས་སུ་རྦད་དང་ལྗགས་རྒྱང་གི་རིག་གནས་ཉམས་རྒུད་དུ་སོང་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བས། རྦད་དང་ལྗགས་རྒྱང་གི་བཤད་ལེན་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་བྱུང་ཡོད་མོད། འོན་ཀྱང་རིག་གནས་རྩ་ཆེན་འདི་ལ་རྒྱུན་འཛིན་པ་མེད་ཚེ་དམངས་ཁྲོད་གཅེས་ནོར་གྱི་ལོ་རྒྱུས་རིང་པོ་འདི་ཉིད་ཉམས་རྒུད་དུ་སོང་ཉེན་ཤིན་རུ་ཆེ་བས། བཅིངས་འགྲོལ་གྲོང་ཚོའི་གྲོང་མི་སྟེ་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་དགུ་པ་དང་། བཅུ་པ། བཅུ་གཅིག་པ་བཅས་ཀྱི་ཨུ་ཡོན་ཡིན་པའི་སྤྱན་ཡས་དགོན་གྱི་དགེ་འདུན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་མ་སྐུལ་དང་བླངས་ཀྱིས་རིག་གནས་འདི་མྱུར་སྐྱོབ་ལས་ལ་འབད་བཞིན་མཆིས།

2005ལོ་ནས་བཟུང་བཀྲ་ཤིས་ཕུན་ཚོགས་ཀྱིས་རྦད་དང་ལྗགས་རྒྱང་གི་བཤད་ལེན་སླར་གསོ་བྱ་ཆེད། ས་གནས་དེ་གའི་བཤད་ལེན་རྒྱུན་འཛིན་པ་བགྲེས་སོང་འགའ་སྒྲིག་འཛུགས་བྱས་ཏེ་སྒྲ་འབེབས་དང་། ཟིན་འགོད། ཁྲིད་སྦྱོང་། བརྒྱུད་སྤེལ། སློབ་སྦྱོང་བཅས་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་འདི་སླར་གསོ་གང་ལེགས་བྱུང་ཡོད། ཕྱིས་སུ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་རོགས་རམ་འོག་བཅིངས་འགྲོལ་གྲོང་ཚོའི་མང་ཚོགས་20ལས་གྲུབ་པའི་རྦད་དང་ལྗགས་རྒྱང་གི་བཤད་ལེན་ཆ་ཚང་ཁོང་དུ་ཆུད་པའི་རིག་གནས་མྱུར་སྐྱོབ་ཚོགས་ཆུང་བཙུགས།

བཅིངས་འགྲོལ་གྲོང་ཚོའི་རྦད་དང་ལྗགས་རྒྱང་གི་བཤད་ལེན་རྒྱུན་འཛིན་པ་ཕལ་ཆེ་བའི་ལོ་ཚོད་ནི་ཕོ་ལོ་50ནས་70བར་དང་། མོ་ལོ་50ནས་80བར་གྱི་བགྲེས་སོང་ཡོད་པ་མ་ཟད། ད་དུང་ན་གཞོན་རྒྱུན་འཛིན་པ་20ལྷག་ཙམ་ཡང་ཡོད། བོད་ཀྱི་དམངས་ཁྲོད་ཆོ་གའི་རོལ་མོའི་འགྱུར་རྡོ་གསོན་པོར་བསྔགས་པའི་རིག་གནས་འདི་རྒྱུན་འཛིན་བྱ་ཕྱིར། དུས་ཡུན་རིང་པོའི་ནང་རྒྱལ་ཁབ་རིམ་པས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ལ་མཐོང་ཧ་ཅང་ཆེན་པོ་བྱས་ཡོད། ལྷག་པར་དུ་ལོ་འགའི་རིང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་2007ལོའི་ཟླ་དང་པོར་འཕྱོངས་རྒྱས་རྫོང་རིག་གནས་རླུང་འཕྲིན་ལས་ཁུངས་ཀྱིས་བཅིངས་འགྲོལ་གྲོང་ཚོའི་རྦད་དང་ལྗགས་རྒྱང་གི་རིག་གནས་འདི་ཉིད་ཕབ་ལེན་བྱས་ནས་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཟིན་ཐོར་བཀོད་ཡོད།

(པར་ངོས་འདིའི་རྩོམ་ཡིག་དང་པར་རིས་ཆ་ཚང་2019ལོའི་ཟླ་11པའི《ཀྲུང་གོའི་བོད་ལྗོངས》དུས་དེབ་ལས་བཏུས། རྩོམ་པ་པོ། ཆོས་རྒྱལ)