《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月10日

འབྲི་ཆུའི་སྟོད་རྒྱུད་དུ་ཆུ་རགས་བརྒྱབ་པ།

འདི་ལོའི་ཟླ་7ཚེས་15ཉིན་བོད་ལྗོངས་སྨར་ཁམས་རྫོང་དང་སི་ཁྲོན་འབའ་ཐང་རྫོང་གི་འབྲེལ་མཚམས་སུ་གནས་པའི་འབྲི་ཆུའི་ཆུ་གཞུང་ཨ་མའི་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་བཞི་པའི་གློག་འདོན་འཕྲུལ་འཁོར་སྦྲེལ་མཐུད་ཐུབ་པ་དེ་ལས་བོད་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་ཆུ་ཤུགས་གློག་ཁང་2021ལོར་སྤྱོད་འགོ་ཚུགས་ནས་གློག་གཏོང་བའི་དམིགས་ཚད་ཕྱོགས་སུ་སླར་ཡང་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད། རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་མཇུག་མཐུད་ནུས་རྒྱུའི་རྟེན་གཞིའི་སྣེ་ཁྲིད་ལས་གྲྭ་ཡིན་པའི་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་དེ་ཉིད་2015ལོའི་ཟླ་11ཚེས་5ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཆོག་མཆན་ཐོབ་ནས་སྐྲུན་འགོ་ཚུགས་པ་དང་སྐྱེ་བོ་ཧ་ཅང་མང་པོའི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད།

ནུས་ཤུགས་ཡོད་རྒུས་སྤུས་ལེགས་ལས་གྲྭ་བཏོད་པ།

བཤོལ་བ་ལུང་ཆུ་ཤུགས་གློག་ཁང་སྐྲུན་ཡུལ་དུ་འཕྲུལ་ཆས་ཀྱི་ལྡིར་སྒྲ་རྒྱུན་ཆད་མེད་པར་གྲགས་འོང་ཞིང་། ཆུ་རགས་ཆེ་མོའི་ཀོང་དོང་རྒྱོང་བ་དང་། བཟོ་ཁང་བསྐྲུན་པ། འཕྲུལ་ཙུའུ་སྒྲིག་སྦྱོར་སོགས་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྤེལ་ནས་གང་སར་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། བཤོལ་བ་ལུང་ཆུ་ཤུགས་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ཨ་མ་ནས་གློག་འདོན་ཚད་ཆན་ཝ་ཁྲི་120དང་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་54ཟིན་རྒྱུ་ཡིན་ཞིང་། ལྟེ་བའི་སྐྲུན་དངོས་གྲས་སུ་ཆུ་འགོག་རགས་དང་། གཡོན་ངོགས་ཀྱི་ཆུ་འདྲེན་མ་ལག ས་ངོས་ཀྱི་བཟོ་ཁང་། གཡས་ངོགས་ཀྱི་ཆུ་ལོག་འབབ་ལམ། ཆུ་ལོག་གཤོང་བའི་བྲག་ཕུག་སོགས་ཚུད་ཡོད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) “ཆུ་རགས་ཆེན་པོའི་བདེ་འཇགས་འགན་ལེན་བྱས་པའི་སྔོན་འགྲོའི་འོག་ཆུ་རགས་ལ་ལུགས་དང་མཐུན་པའི་སྒོ་ནས་དབྱེ་བ་ཕྱེ་སྟེ་ཁག་སོ་སོའི་རྒྱོང་ཆའི་ཚད་གཞི་དང་སྤུས་ཚད་ཀྱི་བླང་བྱ་གཏན་འཁེལ་བྱས་པ་དང་། སྔོག་འདོན་བྱས་པའི་རྒྱུ་ཆ་སྤྱོད་ཚད་ཆེ་རུ་བཏང་སྟེ་ས་ཆུ་སྲུང་འཛིན་དང་ཁོར་ཡུག་སྲུང་སྐྱོང་ལ་ཕན་ཐོགས་ཡོད། དེ་དང་ཆབས་ཅིག་ཆུ་རགས་ཆེན་པོའི་ཞེང་ཚད་དང་དཔངས་ཚད་ཀྱི་སྒུལ་ནུས་ཚད་ཡོད་རྩིས་བརྒྱབ་སྟེ་དབྱེ་ཞིབ་བྱས་པ་བརྒྱུད། ཁེབས་ཚད་མཐུག་པའི་རིམ་ངོས་སུ་འབྱར་ཤུགས་ཆེ་བའི་ཨར་འདམ་གྱི་རྡོ་རགས་རྒྱག་རྒྱུར་འཚམ་པའི་ཆུ་འགོག་གྲུབ་ཆའི་ཇུས་གཞི་དང་ལས་གྲྭའི་ཡོམ་འགོག་བྱ་ཐབས་སྤྱད་ཡོད”ཅེས་པེ་ཅིང་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་གི་ཇུས་འགོད་བཟོ་སྐྲུན་ཆེ་མོ་བ་ལི་ཤང་དབྱང་གིས་བཤད།

ལོ་ལྔ་ཡི་རིང་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་གིས་གལ་ཆེའི་དུས་མཚམས་མང་པོ་བསུས་ཤིང་། 2015ལོའི་ཟླ་11ཚེས་5ཉིན་ལས་འགོ་འཛུགས་ཆོག་པའི་ཆོག་མཆན་རག་པ་དང་། 2016ལོའི་ཟླ་10པར་ལས་གྲྭ་གཙོ་བོ་ཕྱོགས་ཡོངས་ནས་ཨར་པོ་རྒྱག་པའི་དུས་མཚམས་སུ་སླེབས་པ། 2017ལོའི་ཟླ་11ཚེས་21ཉིན་ཆུ་ལམ་གཙོ་བོ་བཀག་ཐུབ་པ། 2018ལོའི་ཟླ་5པར་དུས་བཀག་ལྟར“དུས་མཚམས་དང་པོའི”ལས་གྲྭ་ལེགས་གྲུབ་ཐུབ་པ། 2019ལོའི་ཟླ་4པར་གེགས་རྗེས་བསྐྱར་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་དང་ལས་གྲྭ་གཙོ་བོའི་ཨར་པོ་སླར་གསོ་ཐུབ་ཡོད། ལས་གྲྭ་འཛུགས་སྐྲུན་བྱེད་རིང་། ཧྭ་ཏན་འབྲི་ཆུའི་སྟོད་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིས་ནང་དུ་དོ་དམ་ལ་ཤུགས་སྣོན་དང་ཕྱི་ལ་ཁོར་ཡུག་བཟང་པོ་མཐའ་འཁྱོངས་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་གྱི་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་བདེ་འཇགས་ལེགས་པ་དང་། སྤུས་ཀ་ལེགས་པ། ཕན་འབྲས་ལེགས་པ། གཟུགས་བརྙན་ལེགས་པ་བཅས་ཀྱི“ལེགས་པོ་བཞིའི་ལས་གྲྭ”ཧུར་ཐག་བསྐྲུན་ཡོད། དེ་དང་ཆབས་ཅིག་ཨར་པོ་རྒྱག་རིང་བདེ་འཇགས་གོང་དུ་བཀུར་བ་དང་སྤུས་ཚད་རྩ་བར་འཛིན་པའི་འཛུགས་སྐྲུན་བསམ་ཕྱོགས་དང་། གན་རྒྱའི་དོ་དམ་ལམ་སྲོལ་ནན་པོ། ལྗང་མདོག་སྣོད་བཅུད་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་སོགས་རེ་རེ་བཞིན་དོན་འཁྱོལ་བྱས་ཡོད།

སྔོ་ལྗང་གློག་ཁང་འཛུགས་སྐྲུན་ཞིབ་ཚགས་བྱས་པ།

བཤོལ་བ་ལུང་རྣམ་གྲངས་པུའུ་གནས་སར་སླེབས་སྐབས། སྒོ་རའི་སྔོ་འགྱུར་ཁུལ་དུ་ཁྲ་ཆིལ་གྱི་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་པ་མཐོང་རྒྱུ་འདུག ལས་འགོ་བཙུགས་ཚུན། བཤོལ་བ་ལུང་རྣམ་གྲངས་པུས“སྣོད་བཅུད་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་གཏོང་བའི”འདུ་ཤེས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་གཏིང་ཟབ་བྱས་ཏེ《འབྲི་ཆུའི་སྟོད་རྒྱུད་ཀྱི་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་གིས“སྔོ་ལྗང་གི་འབྲི་ཆུའི་སྟོད་རྒྱུད”ཀྱི་ལག་བསྟར་ཇུས་གཞི》བཟོས་ནས་ལས་གྲྭ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་དང་ས་ཆུ་སྲུང་འཛིན་རྣམ་གྲངས་དུས་གཅིག་ཏུ་ཇུས་འགོད་དང་། དུས་གཅིག་ཏུ་འཛུགས་སྐྲུན། དུས་གཅིག་ཏུ་འཁོར་སྐྱོད་བཅས་མཐའ་འཁྱོངས་བྱས་ཏེ་སྔོ་ལྗང་གློག་ཁང་ཧུར་ཐག་བསྐྲུན་པ་དང་མཛེས་སྡུག་ལྡན་པའི་སྣོད་བཅུད་མཉམ་སྤྱོད་ཐུབ་པ་བྱས་ཡོད།

འདི་ལོའི་ཟླ་4ཚེས་14ཉིན། བཤོལ་བ་ལུང་ཆུ་ཤུགས་གློག་ཁང་གི་སྨད་རྒྱུད་ཟམ་ཆེན་དང་། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་མོ་ཆུ། ཤིས་ཆུ་བཅས་སུ་ཉ་རིགས་སྐྱེ་འཕེལ་དང་གློད་པའི་བྱེད་སྒོ་སླར་ཡང་སྤེལ་བ་དང་ཉ་ཕྲུག་ཁྲི་30.5གློད་ཡོད། ཉ་ཕྲུག་དེ་དག་ནི་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་གི་ཉ་རིགས་སྐྱེ་འཕེལ་གློད་གཏོང་ས་ཚིགས་ཀྱིས་གསོས་པ་ཞིག་རེད།

ཆུའི་སྣོད་བཅུད་སླར་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་ཕུད། བཤོལ་བ་ལུང་ཆུ་ཤུགས་གློག་ཁང་ཁོར་ཡུག་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱིས་ད་དུང་ཁོར་ཡུག་གི་མཁའ་རླུང་སྲུང་སྐྱོང་དང་། སྒྲའི་ཁོར་ཡུག་སྲུང་སྐྱོང་། སྙིགས་རོ་གཙང་སེལ། སྐམ་སའི་སྣོད་བཅུད་སྲུང་སྐྱོང་། ས་ཆུ་སྲུང་འཛིན་སོགས་ཀྱི་ལས་དོན་ལ་མཐོང་ཆེན་བྱས་ཡོད། “ཨར་ལས་བྱེད་རིང་རི་འདབས་ཀྱི་སྔོ་ཁེབས་ལ་གཏོར་བཤིག་ཕོག་སྐབས་ང་ཚོས་ཕྱོགས་གཅིག་ནས་ཨར་ལས་བྱེད་པ་དང་ཕྱོགས་གཅིག་ནས་སླར་གསོ་བྱེད་པའི་ཐབས་ལ་བརྟེན་ཏེ་ཆ་རྐྱེན་འཛོམས་པའི་དྲ་མིག་དང་དམར་རྗེན་དུ་དོན་པའི་ས་ཁོངས་སུ་སྔོ་འགྱུར་རམ་ཡང་ན་དྲ་རྒྱ་འཐེན་པ་དང་། ས་འགེབས་པ། རྩྭ་རྩི་ཤིང་འདེབས་པ་བཅས་ཀྱི་བྱ་ཐབས་སྤྱད་ཡོད། དེ་གར་སྔོ་ཁེབས་སླར་གསོའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་81.3ཟིན་པ་དང་མ་དངུལ་སྒོར་ཁྲི་49991.5བཏང་ཡོད། མིག་སྔར་དུས་ཐེངས་དང་པོའི་སྔོ་འགྱུར་ལས་གྲྭ་ལེགས་གྲུབ་ཟིན་པ་དང་རིམ་རྩིས་བརྒྱབ་ན་སྣོད་བཅུད་སླར་གསོའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་5.5ཙམ་ཟིན་ཡོད”ཅེས་བཤོལ་བ་ལུང་ཡན་ལག་ཀུང་སིའི་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་པུའི་དབན་ཏུང་གིས་ངོ་སྤྲོད་བྱས།

མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱས་པ།

བཤོལ་བ་ལུང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ནི་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་རྫོང་2དང་། ཤང་4 གྲོང་ཚོ་18བཅས་དང་འབྲེལ་བ་ཡོད་ཅིང་། གནས་སྤོས་བཀོད་སྒྲིག་མི་འབོར་1462ཟིན་པ་དང་། ཐོན་སྐྱེད་བཀོད་སྒྲིག་མི་འབོར་2243ཟིན་པ། འཛུགས་སྐྲུན་གྱི་ས་ཆ་བསྡུ་ལེན་གྱི་རྒྱ་ཁྱོན་མུའུ་34288ཟིན་ཡོད།

ཨར་ལས་སྒྲིག་འཛུགས་བྱས་པ་དང་ཆབས་ཅིག བཤོལ་བ་ལུང་རྣམ་གྲངས་པུས་ནུས་ཤུགས་ཡོད་རྒུས་ས་གནས་དེ་གའི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་སྟེ་ཤིས་སོག་ཐང་ཤང་གི་གཞུང་ལམ་སྤྱི་ལེ་47གསར་སྐྲུན་བྱས་པ་དང་། རྒྱལ་ལམ་215ལམ་ཐིག་གི་སྤྱི་ལེ་44.7ཚད་གཞི་མཐོ་རུ་བཏང་ནས་བསྐྱར་སྐྲུན་བྱས་པ། གཙང་པོ་སྒྲོལ་བའི་ཟམ་ཆེན་2གསར་སྐྲུན་བྱས་པ། གཙང་པོ་སྒྲོལ་བའི་ཟམ་ཆེན་3ཚད་གཞི་མཐོ་རུ་བཏང་ནས་བསྐྱར་སྐྲུན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ“མགྱོགས་ལམ”བཏིང་ཡོད།

2017ལོར། གནས་སྤོས་གྲོང་མི་ཟླ་དབང་གིས་བཤིག་སྤོའི་སྐྱིན་གསབ་དངུལ་སྒོར་ཁྲི་21དང་ལོ་མང་རིང་གི་གསོག་དངུལ་བཏོན་པའི་ཁར་དངུལ་ཁང་ནས་སྒོར་ཁྲི་5གཡར་ཏེ་ཧྲོང་ཆའོ་རྟགས་ཅན་གྱི་ཟོག་འདྲེན་རླངས་འཁོར་ཁ་བབས་ཙམ་ཞིག་ཉོས་ཏེ་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་གི་སྐྱེལ་འདྲེན་ལས་ལ་ཞུགས་འགོ་ཚུགས་པས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན། “ཐོག་མར་སྐྱེལ་འདྲེན་བྱེད་སྐབས་ཟླ་གཉིས་ལ་གླ་ཆ་སྒོར་ཁྲི་6ལྷག་ཙམ་རག་བྱུང”ཞེས་ཟླ་དབང་གིས་དྲན་གསོ་བྱེད་བཞིན་བཤད།

རིང་པོ་མ་འགོར་བར། ཟླ་དབང་གིས་ཐོག་སོ་གསུམ་ལྡན་གྱི་ཁང་པ་གསར་པ་ཞིག་བརྒྱབ་ཅིང་། ཐོག་སོ་དང་པོར་ཚོང་ཁང་6ཡོད་པ་དང་། ཐོག་སོ་གཉིས་པར་ཉལ་ཁང་བཟོས་ཤིང་། ཐོག་སོ་གསུམ་པར་རང་ཉིད་སྡོད་ཀྱི་ཡོད་པས་ལོ་གཅིག་ལ་ཁང་གླ་ཁོ་ན་སྒོར་ཁྲི་11.5ཡོད། ཟླ་དབང་གི་བཟའ་ཟླ་ཚེ་རིང་གཡུ་སྒྲོན་2018ལོའི་ཟླ་5པར་བཤོལ་བ་ལུང་རྣམ་གྲངས་པུའུ་ཡི་ཟ་ཁང་དུ་མ་བྱན་གྱི་ལག་གཡོག་བྱེད་པར་བསྐྱོད་པ་དང་ཟླ་གཅིག་ལ་གླ་ཕོགས་སྒོར་3000ཡོད།

འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་འཛུགས་སྐྲུན་ད་དུང་མུ་མཐུད་དུ་བྱེད་བཞིན་ཡོད་པ་དང་། ཆུ་གློག་འཛུགས་སྐྲུན་པ་རྣམས་ཀྱིས་བྲེལ་བརྩོན་ཆེན་པོས་ལས་ལ་གཞོལ་བཞིན་ཡོད་པས། མི་རིང་བར་ཁོ་ཚོས་འབྲི་ཆུའི་སྟོད་རྒྱུད་དུ་ཆེས་མཛེས་སྡུག་ལྡན་པའི་ལེའུ་ཞིག་རྩོམ་ངེས་རེད།

(སྒྱུར་ཞུས་པ་པད་མ་དབྱངས་ཅན་དང་བསྟན་འཛིན་གཡུ་སྒྲོན)