《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月10日

བྱ་དགའ་དེ“བརྟག་དཔྱད་བྱེད་མཁན”ཚང་མར་དབང་བ།

ཟླ་9ཚེས་8ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་། རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་མཁན་སྔོན་ཐོན་མི་སྒེར་ཡིན་པའི་ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སྐྱེ་དངོས་ཕྲ་རབ་ཁོའོ་ཡི་ཁོའོ་ཀྲང་བློ་རྣམ་གྱིས་གཟེངས་བསྟོད་དང་ལེན་བྱས་པ་རེད།

“བྱ་དགའ་འདི‘བརྟག་དཔྱད་བྱེད་མཁན’ཚང་མར་དབང” ཚོགས་ར་ལས་ཐོན་མ་ཐག་པའི་བློ་རྣམ་གྱིས་སེམས་འགུལ་ཐེབས་བཞིན་དུ་ནད་ཁང་དུ་འཐབ་རྩོད་བྱེད་བཞིན་པའི་སྨན་དོན་མི་སྣ་དང་མི་འདྲ་བར་བརྟག་དཔྱད་བྱེད་མཁན་གྱིས་ཚོད་ལྟ་ཁང་ནས་ཉིན་ལྟར་ནད་དུག་ལ་བརྟག་དཔྱད་བྱེད་དགོས་པས། འདི་ནི་མི་རྣམས་ཀྱིས་མཐོང་མི་ཐུབ་པའི“འཐབ་ས་མདུན་མ”ཡིན་ལ་ཏོག་གསར་ནད་དུག་ལ་འགོག་རྒོལ་བྱེད་མཁན་གྱི“མྱུལ་ཞིབ་དམག་མི”ཡང་ཡིན་ཞེས་བརྗོད་ན་ཆོག་ཅེས་བརྗོད།

ད་ལྟ་ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་སྐྱེ་དངོས་ཕྲ་རབ་ཁོའོ་ཡི་ཁོའོ་ཀྲང་གི་འགན་འཁུར་བཞིན་པའི་བློ་རྣམ་གྱིས་ལས་ཀ་བྱས་ནས་ལོ་26སོང་བ་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་དམིགས་བསལ་གློ་ཚད་དང་། H1N1ཆམ་རིམས་ཀ་པ། བྱ་ནད་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞུགས་མྱོང་ཡོད།

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་རྒྱག་རིང་། ལྷ་ས་གྲོང་ཁྱེར་དུ་ཉིང་སྐྱུར་བརྟག་དཔྱད་ནུས་པ་མེད་པའི་གནས་ཚུལ་འོག བློ་རྣམ་གྱིས་རང་འགུལ་ངང་ཁོའོ་དང་ཁང་གི་མི་སྣ་ཡོངས་ཀྱི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཚོད་ལྟ་ཁང་གཉིས་པར་བརྟག་དཔྱད་ལས་དོན་སྤེལ་རྒྱུའི་རེ་འདུན་ཞུས། ཁོང་དང་ཁོང་གི་ལས་རོགས་ཚོས་རིམ་གསུམ་འགོག་སྲུང་གྱོན་ཆས་གྱོན་ནས་ཆུ་མི་འཐུང་བ་དང་གསང་སྤྱོད་ལ་ཉུང་ཙམ་བསྐྱོད་དེ་ཉིན་མཚན་བསྟུད་མར་འབད་འཐབ་བྱས་ནས་རང་ལྗོངས་ཀྱི་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་ཐོག་མར་བརྟག་དཔྱད་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། ནད་པ་སྔ་ཙམ་དྲག་སྐྱེད་ཡོང་ཆེད། རྗེས་མའི་ཟླ་ཕྱེད་ལྷག་གི་དུས་ཚོད་ནང་ཁོ་ཚོས་གཏན་འཁེལ་བྱུང་བའི་ནད་དཔེར་བརྟག་དཔྱད་ཐེངས་མང་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་ཤོར་མྱོང་མེད་པ་རེད།

དོན་ཆེན་དང་སྒྲུབ་དཀའ་བའི་གནད་དོན་གྱི་མདུན་དུ་འགན་འཁུར་གྱི་བསམ་བློ་མངོན་ཐུབ། དཀའ་ངལ་དང་ཉེན་ཁའི་མདུན་དུ་རང་གི་འཇོན་ཐང་མངོན་ཐུབ། ཟླ་4བསྟུད་མར་བློ་རྣམ་དང་ལྗོངས་ཡོངས་ཀྱི་བརྟག་དཔྱད་མི་སྣ་ཚང་མས་སྔ་ཕྱི་བར་གསུམ་དུ་རིམས་ནད་འགོག་རྒོལ་གྱི་འཐབ་ས་མདུན་མར་འབད་འཐབ་བྱས་ཏེ། རླུང་ཁམས་ཆེན་པོའི་གནོན་ཤུགས་ལྡན་པའི་ཚོད་ལྟ་ཁང་གི་ཁོར་ཡུག་ལས་གཟུགས་པོར་གསོ་རླུང་དཀོན་པ་དང་གཟུགས་པོའི་ནུས་པ་ཟད་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། ནན་ཏན་དང་འགན་འཁུར་བའི་བསམ་བློ་འཁྱེར་བ་དང་། ཚོགས་པའི་གཞོགས་འདེགས་བརྒྱུད་ཚོད་ལྟའི་བརྟག་དཔྱད་འབྲས་བུ་སྔར་བས་ཚན་རིག་དང་མཐུན་པ་བྱས་ཡོད།

ཟླ་6ཚེས་16ཉིན་ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་ནད་དུག་ཚོད་ལྟ་ཁང་དངོས་སུ་སྤྱོད་འགོ་ཚུགས་པ་དང་། བློ་རྣམ་དང་ཁོང་གི་ལས་རོགས་ཚོ་ཚོད་ལྟ་ཁང་དུ་བསྐྱོད་ནས་མུ་མཐུད་བརྟག་དཔྱད་ལས་དོན་སྤེལ་ཏེ་མི་ཚོགས་མི་འདྲ་བའི་མ་དཔེ་འཚོལ་བསྡུ་དང་སྐབས་འཕྲལ་རང་བཞིན་གྱི་བཀའ་བསྒོས་ལས་འགན་དང་ལེན་བྱས་པ་དང་སྦྲགས། ལས་ཀ་ཇི་ཙམ་གྱིས་མང་བ་ཡོད་ཚེ་ཁོང་ཚོའི་ཚད་གཞི་སྔར་བས་མཐོ་བ་དང་རེ་བ་སྔར་བས་ནན་པོ་བཏོན་ནས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་ཕོད་ཀྱི་མེད། དངོས་དཔེ་བསྡུ་ལེན་དང་། དངོས་དཔེ་ཐག་གཅོད། མ་ལག་མཐུན་སྦྱོར། འཕྲུལ་འཁོར་ནང་བརྟག་དཔྱད། གྲུབ་འབྲས་དོན་པ་བཅས་ནི་སྟབས་བདེའི་བརྒྱུད་རིམ་ཙམ་དུ་མངོན་ཡང་ཚོད་ལྟ་ཁང་གི་བཀོལ་སྤྱོད་བརྒྱུད་རིམ་དང་ཚོད་ལྟའི་མི་སྣའི་རྩལ་ནུས་ཐད་རེ་བ་ནན་པོ་ཡོད། རླུང་ཁམས་ཆེན་པོའི་གནོན་ཤུགས་ལྡན་པའི་ཚོད་ལྟ་ཁང་དུ་བརྟག་དཔྱད་བྱེད་པ་དང་། བརྟག་དཔྱད་བྱེད་ཐེངས་རེར་ཉུང་མཐར་ཡང་ཆུ་ཚོད་5བརྟག་དཔྱད་བྱས་ནས་ཆ་སྙོམས་ཉིན་ལྟར་དངོས་དཔེ་100ལྷག་ཙམ་ལ་བརྟག་དཔྱད་བྱེད་དགོས་པས། དེ་ནི་བློ་རྣམ་དང་ཁོང་གི་ཚོགས་པའི་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་གཏན་ནས་མིན།

“ཟླ་6ཚེས་16ཉིན་ནས་ཟླ་9ཚེས་10ཉིན་བར་ཚོད་ལྟ་ཁང་གིས་དངོས་དཔེ་5673ལ་བརྟག་དཔྱད་བྱས་ཡོད། ཚང་མས་རྒྱུན་དུ་ཉིན་མཚན་དབྱེར་མེད་ལས་ཀ་བྱས་མོད། འོན་ཀྱང་ཁོ་ཚོས་སྔ་ཕྱི་བར་གསུམ་དུ་རབ་ཏུ་འཕེལ་བའི་སྤྲོ་སེམས་ལ་བརྟེན་ནས་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད”ཅེས་བློ་རྣམ་གྱིས་བརྗོད།

“ནང་མིའི་བསམ་ཤེས་དང་རྒྱབ་སྐྱོར་དང་ནད་པའི་ཡིད་ཆེས་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་ལས་གནས་བརྟན་སྲུང་བྱེད་པའི་སྒུལ་ཤུགས་ཆེ་ཤོས་དེ་རེད། རིམས་ནད་མཇུག་འགྲིལ་རྗེས། དུས་རྒྱུན་ལྟར་རང་ཉིད་ནང་མི་དང་མཉམ་དུ་ཁ་ལག་ཟ་བ་དང་ཁྲོམ་ལ་སྐྱོད་པ་མ་ཟད། ད་དུང་ཁ་རས་ཕུད་ནས་མཁའ་རླུང་སོས་པ་རྔུབ་པའི་ཉིན་མོ་དེ་མགྱོགས་ཙམ་ཤར་བའི་རེ་བ་བྱེད་ཀྱི་ཡོད། ང་དང་བརྟག་དཔྱད་མི་སྣ་ཚང་མས་མུ་མཐུད་རབ་ཏུ་འཕེལ་བའི་སྤྲོ་སེམས་ལ་བརྟེན་ནས་རིམས་ནད་འགོག་རྒོལ་གྱི་དམག་འཐབ་ལ་ཧུར་ཐག་ཞུགས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད།