《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月10日

ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་སྙིང་ཉེ།

—— དཔའ་ཤོད་རྫོང“སྐྱ་རིའི་ཤང་གསུམ”གྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་མིར་ཞབས་འདེགས་ཞུས་པའི་སྐོར་བཀོད་པ།

ཟླ་བརྒྱད་པའི་ཟླ་འགོར་དཔའ་ཤོད་རྫོང་སྐྱ་རི་ཤང་གི་ཚེ་བརྟན་མཚོ་མོའི་ཁྱིམ་དུ་གྲོང་སྡོད་ལས་དོན་རུ་ཁག་གིས་བསྐྱལ་བའི“ཁྱིམ་ཚང་ཡག་ཤོས”ཀྱི་སྐོར་སྐྱོད་དར་དམར་འབྱོར། གྲོང་སྡོད་ལས་དོན་རུ་ཁག་གིས་རྟེན་འབྲེལ་ཞུས་པར་ཚེ་བརྟན་མཚོ་མོས་དགོད་འཚེར་འཚེར་ངང“ད་ལྟ་སྡོད་སའི་ཁང་པ་ཕ་ཡུལ་གྱི་ཁང་པ་ལས་ཡག་པ་ཡོད་པས་ངས་ཁང་པ་ཡག་པོ་འདི་འདྲར་གཅེས་སྤྲས་བྱས་ནས་ཁྱིམ་གྱི་གཙང་སྦྲ་མུ་མཐུད་རྒྱུན་འཁྱོངས་བྱེད་ཀྱི་ཡིན”ཞེས་བཤད།

ཚེ་བརྟན་མཚོ་མོ་དང་འདྲ་བར། དཔའ་ཤོད་རྫོང་སྐྱ་རི་ཤང་དང་། ཝ་ཤང་། ཡངས་པ་ཤང་བཅས་ཤང་གསུམ(ས་གནས་དེ་གར“སྐྱ་རིའི་ཤང་གསུམ་ཞེས་བརྗོད”)གྱི་མང་ཚོགས་2018ལོའི་ཟླ་11པར་དཔའ་ཤོད་རྫོང་གྲོང་གི་ཉེ་འཁོར་དུ་ཡོད་པའི་གནས་རབ་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་མང་ཚོགས་ཚང་མ་སྡོད་ཁང་གསར་པར་སྤོས་པ་རེད། གནས་སྤོས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏོང་ཆེད། “སྐྱ་རིའི་ཤང་གསུམ”གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐབས་བརྒྱ་ཇུས་སྟོང་ངང་ཡུལ་གཞན་དུ་གནས་སྤོས་ཀྱི“རྗེས་ཀྱི་འཆར་གཞི”ཡག་པོ་བཀོད་དེ་གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཡོད།

“ཁྱིམ་ཚང་ཡག་ཤོས”ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་བ་ནི“སྐྱ་རིའི་ཤང་གསུམ”གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཤེས་དཔལ་ལྡན་པའི་སྡེ་ཁུལ་སྐྲུན་པའི་བྱ་ཐབས་ཀྱི་གྲས་ཤིག་རེད། གནས་སྤོས་མང་ཚོགས་རྣམས་བློ་བདེ་སེམས་སྐྱིད་ངང་སྡོད་ཐུབ་ཆེད། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་དྲིན་ཚོར་སློབ་གསོ་དང་ཤེས་དཔལ་སྲོལ་གཏོད་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ཏེ། རྫོང་རིག་རྩལ་ཚོགས་པ་བཀོད་སྒྲིག་བྱ་ཡུལ་དུ་རིག་གནས་རོལ་རྩེད་བྱེད་སྒོ་སྣ་ཚོགས་འཁྲབ་སྟོན་བྱེད་པར་མཐུན་སྦྱོར་ཧུར་ཐག་བྱས་པ་དང་ཆབས་ཅིག “ཁྱིམ་ཚང་ཡག་ཤོས”དང“སློབ་མ་ཡག་ཤོས”ཀྱི་དཔྱད་འདེམས་བྱེད་སྒོ་ཡང་སྤེལ་ནས་དུས་བཀག་ལྟར་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གཙང་སྦྲ་འཕྲོད་བསྟེན་བྱས་ནས་གནས་སྤོས་མང་ཚོགས་ཚོ་སྡེ་ཁུལ་གྱི་འཚོ་བར་འཕྲོད་པ་དང་སྡེ་ཁུལ་གྱི་འཚོ་བ་དང་མཉམ་འདྲེས་བྱས་ཡོད།

གནས་སྤོས་མང་ཚོགས་བློ་བདེའི་ངང་གཞིས་ཆགས་དགོས་ན་གལ་ཆེ་ཤོས་ནི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དེ་རེད། དེར་བརྟེན་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་འབྲེལ་ཡོད་ཚན་པར་གཞོགས་འདེགས་བྱས་ཏེ་རིགས་ཁག་གི་ཆེད་དོན་རྩལ་ནུས་གསོ་སྦྱོང་བྱས་ཤིང་། མང་ཚོགས་ལ་མངགས་ཐོ་རྣམ་པའི་གསོ་སྦྱོང་དང་། ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་། ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་ལག་རྩལ་སྣ་གཅིག་ཤེས་པར་རོགས་རམ་དང་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་རོགས་རམ་བྱས་ཡོད།

འདི་ལོའི་ཟླ་7པར་སྤང་སྐྱ་གྲོང་ཚོའི་བོད་བཟོའི་ཁྱིམ་ཆས་ལས་སྣོན་བཟོ་གྲྭ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་མིག་སྔར་བཟོ་པ་10ཡོད་པ་རེད། སྐྱ་ཐར་ནི་དེའི་ནང་གི་གྲས་ཤིག་ཡིན་ཞིང་། མ་གཞི་ཁོང་ལ་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ནས་འགྲོ་སྐྱོད་སྟབས་བདེ་མེད་ཀྱང་ཁོང་གིས་ཁྱིམ་ཆས་བཟོ་གྲྭ་ཡོངས་ཀྱི་ཁྱིམ་ཆས་ལ་བརྐོས་རྒྱག་དང་རི་མོ་འབྲི་བའི་ལས་ཀ་ཚང་མ་འགན་གཙང་བླངས་ཡོད།

སྡོད་ཁང་གསར་པ་ཡོད་ལ་ཡོང་འབབ་ཀྱང་བརྟན་པོ་ཡོད་པས་གནས་སྤོས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། འོན་ཀྱང་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དེ་དག་ལ་བློ་ཡིད་ཚིམས་ནས་མ་བསྡད་པར་ད་དུང་ཁོང་ཚོ་དེ་བས་བློ་བདེ་བག་ཕེབས་ངང་གནས་སྡོད་ཐུབ་ཐབས་བྱེད་ཀྱི་ཡོད། དེས་ན་གྲོང་སྡོད་ལས་དོན་རུ་ཁག་ཁག་གི་རུ་མིས་དྲ་མིག་ཅན་གྱི་དོ་དམ་མ་ལག་བཙུགས་ནས་དུད་ཚང་ཁག་དབྱེ་འགན་གཙང་སྤྲད་དེ་དམངས་ཕན་ཞབས་འདེགས་ཞུས་ནས་དུད་ཚང་མི་རེ་ངོ་རེའི་ཐོན་སྐྱེད་འཚོ་བ་དང་། ཁྱིམ་ཚང་གི་ཁོངས་མིའི་སྤྱི་ཚོགས་རྒྱབ་ལྗོངས། བསམ་བློའི་གནས་ཚུལ། མི་སྒེར་གྱི་དད་མོས་སོགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བར་བྱས་པ་རེད།