《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月08日

བོད་ཀྱི་སློབ་གསོའི་འཕོ་འགྱུར།

“ང་ཚོའི་སློབ་གྲྭ་ནི་བོད་ཀྱི་དཔེ་མཚོན་མིན་པའི་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་གི་སློབ་འབྲིང་ཞིག་རེད། དེ་སྔ་དགེ་རྒན་མ་འདང་བ་ནས་ད་ཆ་དགེ་རྒན་གྱི་ཆེད་ལས་དང་མཐུན་པའི་སློབ་ཚན་འཁྲིད་རྒྱུ་བྱུང་བའི་བར་འཕེལ་རྒྱས་ཕྱིན་པ་དང་། དགེ་རྒན་གྱི་དཔུང་ཁག་ན་གཞོན་ཅན་དུ་གྱུར་པ་མ་ཟད། སློབ་གསོ་གཏོང་སྟངས་དྲ་ཐོག་དང་དྲ་ཕྱི་གཉིས་ཀར་ཁྱབ་ནས་དེ་བས་སྣ་མང་དུ་གྱུར་ཡོད། ལོ་དེ་དག་ནང་སློབ་གྲྭར་འགྱུར་ལྡོག་ད་དུང་ཧ་ཅང་མང་པོ་བྱུང་ཡོད”ཅེས་སློབ་ཁྲིད་བྱས་ནས་ལོ་18སོང་བའི་དགེ་རྒན་ཡོན་ཐི་ལུང་གིས་ཉེ་ཆར་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མྱོང་ཚོར་ཟབ་མོས་དེ་ལྟར་བཤད།

2002ལོར། ཡོན་ཐི་ལུང་སློབ་ཆེན་ཐོན་རྗེས་བོད་དུ་དགེ་རྒན་ཞིག་ཏུ་གྱུར་པ་དང་རྗེས་སུ་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་སློབ་འབྲིང་དུ་ལས་སྒྱུར་བྱས་ནས་ལོ་རྒྱུས་སློབ་ཚན་འཁྲིད་མཁན་དགེ་རྒན་ཞིག་བྱས། ཁོང་གིས་2012ལོར་སློབ་གྲྭར་སློབ་མ་800ལྷག་ཙམ་དང་དགེ་རྒན་60ལྷག་ཙམ་ཡོད། ད་ཆ་དགེ་རྒན་མང་དུ་ཕྱིན་པ་མ་ཟད། སློབ་ཁྲིད་ལས་དོན་ཡང་སྔར་བས་ཞིབ་ཚགས་སུ་ཕྱིན་ཡོད་ཅེས་བཤད།

སྔོན་མ་ཡོན་ཐི་ལུང་གིས་ནང་སའི་སྔོན་ཐོན་སློབ་གསོའི་ཐོན་ཁུངས་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད། ད་ཆ་དེ་སྔོན་བསམ་ཡང་མི་ཕོད་པའི་ཆ་འཕྲིན་ཅན་གྱི་སློབ་གསོ་ཁོང་ཚོའི་སློབ་གྲྭའི་གང་སར་མཐོང་རྒྱུ་ཡོད། “སློབ་ཁྲིད་སྐབས་སུ་PPTསྤྱོད་པ་དང་། སློབ་ཁང་གི་གློག་ཀླད་དྲ་སྦྲེལ་བྱས་ན་སློབ་ཁྲིད་བྱེད་སྟངས་མང་པོ་སྟོན་ཐུབ་པ་མ་ཟད། ངས་ད་དུང་ནང་སའི་སྔོན་ཐོན་གྱི་སློབ་ཁྲིད་ཐོན་ཁུངས་སློབ་མར་མཉམ་སྤྱོད་བྱེད་ཆོག”

ཡོན་ཐི་ལུང་དང་འདྲ་བར་དབང་འདུས་ཀྱིས་ཀྱང་བོད་ཀྱི་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་གི་སློབ་འབྲིང་དུ་སློབ་ཁྲིད་བྱེད་ཀྱི་ཡོད། ཁོང་གིས་ང་རང་2007ལོར་སློབ་ཆེན་ཐོན་པ་དང་ལོ་དེར་ལས་ཀར་ཞུགས་རྗེས་ད་བར་རྦད་དེ་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་སློབ་འབྲིང་དུ་བསྡད་པ་ཡིན་ཞེས་བཤད།

སློབ་འབྲིང་དེར་སློབ་མ་1800ཙམ་ཡོད་པ་ཚང་མ་ཉེ་འཁོར་གྱི་ཞིང་འབྲོག་པའི་བུ་ཕྲུག་རེད།

ཁོང་གིས་2012ལོ་ནས་བཟུང་། གླ་ཕོགས་ཐེངས་ཁ་ཤས་མཐོ་རུ་ཕྱིན་སོང་། དགེ་རྒན་ཞིག་ཡིན་པའི་ངོས་ནས་བློ་ཡིད་ཚིམ་པོ་བྱུང་ལ་ཐོབ་སྣང་དེ་བས་ཆེ་རུ་ཕྱིན་སོང་། 2007ལོར་གླ་ཕོགས་སྒོར་3000ལྷག་ཙམ(མི་དམངས་ཤོག་སྒོར། གཤམ་དུ་གཅིག་མཚུངས)ཡོད་པ་དང་ད་ཆ་སྒོར་9000ཡན་ལེན་རྒྱུ་ཡོད་ཅེས་བཤད།

བོད་ཀྱི་སྤྱི་ཡོངས་ཀྱི་སློབ་གསོའི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ས་སྐྱ་རྫོང་སློབ་འབྲིང་གིས་བྱ་དགའི་ལམ་སྲོལ་ཐད་མ་དངུལ་མི་ཉུང་བ་ཞིག་བཏང་ཡོད།

དབང་འདུས་ཀྱིས་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་ཐོན་འཛིན་གྲྭའི་སྦྱངས་འབྲས་མདུན་གྲལ་བཅུ་ཡི་གྲས་སུ་སླེབས་པའི་སློབ་མར་སྒོར་500ནས་སྒོར་2000བར་གྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ལེན་རྒྱུ་ཡོད། དེའི་ནང་མཐོ་འབྲིང་དུ་རྒྱུགས་འཕྲོད་པའི་སྦྱངས་འབྲས་ཨང་དང་པོ་ལེན་མཁན་སློབ་མར་སྒོར་2000རག་གི་ཡོད་པ་དང་། སྦྱངས་འབྲས་སྐབས་གོང་མའི་ཨང་དང་པོ་ལས་ལྷག་པ་ཡོད་ན་ད་དུང་སྒོར་1000བྱ་དགའ་ཐོལ་པ་སྤྲོད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

ས་སྐྱ་རྫོང་སློབ་འབྲིང་གིས་ད་དུང་ཚན་ཁག་རྐྱང་པའི་ཕུལ་བྱུང་བྱ་དགའ་དང་། འཛིན་གྲྭའི་མཉམ་སྡེབ་བྱ་དགའ། མཐོ་རིམ་སློབ་འབྲིང་ལ་ཚུད་པའི་བྱ་དགའ་སོགས་སྤྲད་དེ་དགེ་རྒན་ལ་སྐུལ་ལྕག་བྱེད་ཤུགས་ཆེ་རུ་བཏང་ཡོད། དབང་འདུས་ཀྱིས་2017ལོར་ངས་སློབ་གྲྭ་ཡོངས་ཀྱི་བྱ་དགའ་མཐོ་ཤོས་ལེན་མྱོང་ཡོད་ཅེས་བཤད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

གོང་གསལ་སློབ་འབྲིང་དེ་གཉིས་ནི་བོད་ཀྱི་སློབ་གསོའི་བསྡུས་རིས་ཙམ་རེད་ལ། བོད་ཀྱི་དཔེ་མཚོན་མིན་པའི་ས་བབ་མཐོ་བའི་སློབ་གྲྭའི་ད་ལྟའི་གནས་ཚུལ་ཡང་རེད།

བོད་ཀྱི་གཞུང་ཕྱོགས་གྲངས་གཞི་ལས་མངོན་པར། རང་ལྗོངས་ཀྱི་སློབ་གསོའི་ནོར་སྲིད་གཏོང་ཆ་2012ལོའི་སྒོར་དུང་ཕྱུར་99.61ནས་2019ལོའི་སྒོར་དུང་ཕྱུར་288.27བར་འཕར་བ་དང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་1747.99(2020ལོའི་སྔོན་རྩིས་ཚུད)བཏང་ཡོད། དེའི་ནང་སློབ་གསོའི་རྨང་གཞིའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་236.74དོན་འཁྱོལ་བྱས་ཡོད།

བོད་ཀྱིས་ཞིང་འབྲོག་ཁུལ་དུ་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་ལེན་བསྟར་བས་ཕན་པ་འཐོབ་མཁན་2012ལོའི་མི་ཁྲི་23.99ནས་2019ལོའི་མི་ཁྲི་42.55བར་མང་དུ་ཕྱིན་པ་དང་འཕར་ཚད་77%ལས་བརྒལ་ཡོད། འདི་ལོའི་སྔོན་རྩིས་མ་དངུལ་སློབ་མ་ཁྲི་43.63ལ་ཁྱབ་རྒྱུ་རེད།

བོད་ཀྱི་སློབ་གསོའི་མ་དངུལ་ཡང་གྲོང་གསེབ་ཀྱི་དགེ་རྒན་ལ་ཕྱོགས་ཡོད་ཅིང་། 2014ལོ་ནས་བཟུང་བོད་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་དགེ་རྒན་ལ་འཚོ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་དང་། 2019ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་9.29བཏང་བ་དང་དགེ་རྒན་ཁྲི་1.89ལ་ཕན་པ་ཐོབ་ཡོད།

(ཀྲུང་གོ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

(སྒྱུར་ཞུས་པ་བསྟན་བློ་དང་གནམ་ཕྱུག་རྒྱལ)