《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月08日

ཆང་རག་གི་དྲི་ཞིམ་ལུང་གཞུང་གང་སར་འཐུལ།

—— རྩྭ་མདའ་རྫོང་བསྟི་ཡག་ཤང་གི་འབྲས་ཤིང་ཐོན་ལས་འཕེལ་རྒྱས་ཀྱི་མཐོང་ཐོས།

བསྟི་ཡག་ཤང་གི་ཡུལ་ལྗོངས།

རྩྭ་མདའ་རྫོང་བསྟི་ཡག་ཤང་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་མངར་ཁམ་གྱི་ཨ་རག་སྙོལ་བར་ལྟ་རྒྱུ་བྱུང་བ་ནི་སྐྱིད་སྣང་དོད་པའི་མྱོང་རོལ་ཞིག་རེད།

འཆི་མེད་གཡང་འཛོམས་ཀྱིས་རང་ཁྱིམ་གྱི་སྔོ་ཐིང་ཐིང་གི་ཤིང་འབྲས་ལྡུམ་རའི་ནང་མངར་ཁམ་གྱི་ཨ་རག་སྙོལ་སའི་སྤྱིལ་བུ་ཞིག་བཙུགས།

མངར་ཁམ་གྱི་ཨ་རག་སྙོལ་སྐབས་ཁོ་མོས་སྤྱིལ་བུའི་ནང་ཨ་རག་སྙོལ་སའི་ཁྲོ་ཐབ་ཆེན་པོ་ཞིག་བཙུགས་ནས་དེར་མེ་སྤོར་བ་དང་། དེ་རྗེས་བསྙལ་པའི་ཁམ་བུ་དང་ཆུ་དེའི་ནང་བླུགས་རྗེས་ཁེབས་གཅོད་བརྒྱབ་ནས་རླངས་འབེབས་བྱས། ཡུན་རིང་མ་སོང་བར། དྭངས་བསིལ་གྱི་མངར་ཁམ་གྱི་ཨ་རག་ཐིགས་པ་མང་པོ་སྙོལ་སའི་རྫ་བོའི་ནང་བབས་པ་དང་། བརྒྱུད་རིམ་ཧྲིལ་པོ་སྟབས་བདེ་ཞིང་ཆང་རག་ལ་དམིགས་བསལ་གྱི་བྲོ་བ་ལྡན་ཡོད།

བསྟི་ཡག་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་གླང་ཆེན་ཁ་འབབ་ལུང་ཤུར་དུ་ཆགས་ཤིང་། ས་བབ་དམའ་ཤོས་ལ་སྨི་2700ཟིན་པ་དང་། དེ་ནི་མངའ་རིས་ས་ཁུལ་གྱི་ས་བབ་དམའ་ཤོས་ཀྱི་ས་ཆ་ཞིག་རེད།

བསྟི་ཡག་ཤང་གི་མང་ཚོགས་ལ་སྔར་ནས་བཟུང་མངར་ཁམ་གྱི་ཨ་རག་སྙོལ་བའི་སྲོལ་རྒྱུན་ལྡན་ཡོད་ཅིང་། བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ལོ་རེར་ཤང་དེ་ཡོངས་སུ་ཨ་རག་སྙོལ་ཚད་རྒྱ་མ་2000ཡན་ཟིན་གྱི་ཡོད། བསྟི་ཡག་ཤང་གི་མངར་ཁམ་གྱི་ཨ་རག་ལས་དྲི་ཞིམ་འཐུལ་ལ་བྲོ་བ་མངར་བསིལ་ལྡན་པ་དང་དུས་མཚུངས། གློ་འཇགས་པ་དང་གློ་རློན་ལུད་སེལ་གྱི་ཕན་ནུས་ལྡན་པས། མང་ཚོགས་ཀྱིས་རྒྱ་ཁྱབ་ངང་དགའ་པོ་བྱེད་པ་དང་། མངའ་རིས་ཀྱི་ས་གནས་ཁག་ཏུ་འཚོང་གི་ཡོད་པས། བོད་ནུབ་ས་མཐོའི་ཐོག་སྐད་གྲགས་ཆོད་པའི་ཁྱད་ལྡན་ཐོན་རྫས་ཤིག་ཏུ་གྱུར་ཡོད།

“མངར་ཁམ་གྱི་ཨ་རག་རྒྱ་མ་གང་ལ་སྒོར་45རག་གི་འདུག འདི་ལོ་ངས་རྒྱ་མ་130ལྷག་ཙམ་བཙོངས་པར་ཡོང་འབབ་སྒོར་6000ཙམ་བྱུང”ཞེས་འཆི་མེད་གཡང་འཛོམས་ཀྱིས་ལས་ཀ་བྱེད་ཞོར་དུ་དགའ་ཚོར་ཆེན་པོའི་ངང་གསར་འགོད་པར་དེ་ལྟར་བརྗོད་པ་དང་། ཁོ་མོས“མ་གཞི་བསྟི་ཡག་ཤང་གི་འགྲིམ་འགྲུལ་སྟབས་བདེ་པོ་མེད་ཀྱང་། མངར་ཁམ་གྱི་ཨ་རག་གི་སྐད་གྲགས་གང་སར་ཆོད་པས་ང་ཚོ་ཚང་མ་ཕྱི་ལ་ཆེད་མངགས་འཚོང་བར་འགྲོ་དགོས་ཀྱི་མི་འདུག ཚོང་པ་དང་ཉོ་མཁན་གཞན་དག་རང་འགུལ་ངང་ང་ཚོའི་སར་ཉོ་བར་ཡོང་གི་འདུག”ཅེས་བརྗོད།

མང་ཚོགས་ལ་ཡོང་འབབ་ཡག་པོ་ཡོད་མོད། འོན་ཀྱང་ཁྲོམ་རའི་ཐོག་མངར་ཁམ་གྱི་ཨ་རག་གི་རིན་གོང་ལས་ཧ་ཅང་དམའ་བ་མ་ཟད། ད་དུང་བྲིན་ཁ་རྒྱུག་ཚད་དེ་ཡང་ཉོ་མཁན་མང་ཉུང་ལ་རག་ལས་ཡོད། དུས་ཡུན་རིང་པོའི་ནང་། བསྟི་ཡག་ཤང་གི་འབྲས་ཤིང་ལས་རིགས་དེ་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱིས་ཁ་ཐོར་རང་གཉེར་བྱེད་པའི་རྣམ་པར་གནས་པ་དང་། ཤིང་འབྲས་དང་ལས་སྣོན་རགས་ཙམ་བྱས་པའི་མངར་ཁམ་གྱི་ཨ་རག་ཁོ་ན་ཕྱིར་ཚོང་བྱེད་ཀྱི་ཡོད་པས། གཞི་ཁྱོན་ཅན་གྱི་ཕན་འབྲས་མི་ཐོན་པ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་ཐུབ་ཀྱི་མེད་ལ། འཆི་མེད་གཡང་འཛོམས་དང་བསྟི་ཡག་ཤང་གི་མང་ཚོགས་ཀྱི་ཡོང་འབབ་སྔར་བས་འཕར་རྒྱུར་དེ་བས་ཚོད་འཛིན་ཐེབས་ཀྱི་ཡོད།

དེར་བརྟེན། ཉེ་བའི་ལོ་ཤས་རིང་། རྩྭ་མདའ་རྫོང་དང་བསྟི་ཡག་ཤང་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་དཔལ་འབྱོར་འབྲས་ཤིང་ལས་རིགས་ལ་འདེགས་སྐྱོར་དང་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དེ་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་བརྩིས་ནས།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) 2018ལོར་རྒྱལ་ཁབ་ཀྱི་མ་དངུལ་སྒོར་ཁྲི་2500ལྷག་ཙམ་བརྩོན་ལེན་གྱིས་བསྟི་ཡག་ཤང་གི་དཔལ་འབྱོར་འབྲས་ཤིང་རྣམ་གྲངས་ལག་ལེན་བསྟར་བ་དང་། ཤིང་འབྲས་ལས་སྣོན་བཟོ་གྲྭ་བཙུགས་ཤིང་། ཀུ་ཤུ་ལས་སྣོན་སྒྲིག་ཆས་དང་མངར་ཁམ་ཨ་རག་སྙོལ་བའི་སྒྲིག་ཆས་ནང་འདྲེན་བྱས་པ་དང་དུས་མཚུངས། འབྲས་ཤིང་འདེབས་འཛུགས་བྱེད་སྐབས་མང་ཚོགས་ལ་ཀུ་ཤུ་དང་། མངར་ཁམ། སྟར་ཀ་བཅས་འདེབས་རྒྱུར་ཁྲིད་སྟོན་བྱས་པ་དང་། འདེབས་ཁྱོན་མུའུ་153.1དང་སྡོང་རྐང་10810ཟིན་ཡོད།

སྲིད་གཞུང་གི་ཁྲིད་སྟོན་འོག་2019ལོར་བསྟི་ཡག་ཤང་གི་མང་ཚོགས་དུད་ཚང་120ཡིས་དུད་ཚང་རེས་དངུལ་སྒོར་3000བཏང་ནས་ཐོ་འགོད་མ་དངུལ་སྒོར་ཁྲི་36ཟིན་པའི་བསྟི་ཡག་ཤང་གི་དཔལ་འབྱོར་འབྲས་ཤིང་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གིས“འདེབས་འཛུགས་+ཐོན་སྐྱེད་+ལས་སྣོན་+ཚོང་གཉེར་སྦྲེལ”གྱི་གཉེར་སྐྱོང་བྱེད་ཐབས་སྤྱད་པ་དང་། ཤིང་འབྲས་ལས་སྣོན་བཟོ་གྲྭ་གཉེར་སྐྱོང་བྱེད་པ་ཕུད། ད་དུང་ཤང་ཡོངས་ཀྱི་ཤིང་འབྲས་ཕྱིར་ཚོང་དང་ལས་སྣོན་ལ་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད། མཉམ་ལས་ཁང་གིས་ཁེ་སྤོགས་ཀྱི་20%དབུལ་སྐྱོར་མ་དངུལ་ལ་སྤྱད་ནས་དུད་ཚང་དབུལ་པོ་22ཀྱི་མི་70ལ་ཆ་སྙོམས་བགོས་པ་དང་། 30%འཕེལ་རྒྱས་ཀྱི་མ་དངུལ་ལ་བརྩིས་ནས་ལོ་རྗེས་མའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་གྲོན་དངུལ་ལ་བཞག་པ། 50%ཁེ་སྤོགས་བགོ་བཤའི་དངུལ་ལ་བརྩིས་ནས་མ་རྐང་འཇོག་མཁན་རྐང་བདག་ལ་བགོ་བཤའ་བརྒྱབ་པ་རེད།

“ང་ཚོས་མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་ཀྱི་ས་ནས་ཤིང་འབྲས་གཅིག་གྱུར་ཉོས་པ་དང་། དེ་རྗེས་ལས་སྣོན་བཟོ་གྲྭར་ཀུ་ཤུ་སྐམ་པོ་དང་མངར་ཁམ་ཨ་རག་བཟོ་བར་སྐྱེལ་གྱི་ཡོད་པས། མང་ཚོགས་ཀྱི་ཕྱིར་ཚོང་གི་སེམས་ཁྲལ་སེལ་བ་དང་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ཡོད་ལ། ཤིང་འབྲས་ཐོན་རྫས་ཀྱི་བྲོ་བ་དང་འཕྲོད་བསྟེན་གྱི་ཚད་གཞི་གཅིག་གྱུར་ཐུབ་ནས། སྔོན་ཆད་ཁྱིམ་ཚང་མི་འདྲ་བར་མངར་ཁམ་བྲོ་བ་མི་གཅིག་པའི་གནས་ཚུལ་ཐོན་མེད། ད་ཆ་ཀུ་ཤུ་སྐམ་པོ་ཐོན་སྐྱེད་ཚོད་ལྟ་ལེགས་གྲུབ་བྱུང་ཡོད”ཅེས་བསྟི་ཡག་ཤང་གི་ཤང་ཀྲང་གཞོན་པ་བཀྲ་ནོར་གྱིས་བརྗོད།

གཅིག་བྱས་ན་ལོ་མང་སོང་བའི་ཉིན་ཞིག་འཆི་མེད་གཡང་འཛོམས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་མངར་ཁམ་ཨ་རག་སྙོལ་བའི་རྣམ་པ་ང་ཚོས་སླར་ཡང་མཐོང་མི་སྲིད་ཀྱང་། དེའི་ཚབ་ཏུ་ཐོན་པ་ནི་ཐོན་ལས་འཕེལ་རྒྱས་ཀྱིས་བསྟི་ཡག་ཤང་གི་མང་ཚོགས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྡན་པར་གྱུར་པ་དེ་ཡིན་པ་དང་། དེ་དང་ཆབས་ཅིག བསྟི་ཡག་ཤང་གི་མངར་ཁམ་ཨ་རག་གི་དྲི་བསུང་ཕྱོགས་བཞི་མཚམས་བརྒྱད་དུ་འཐུལ་ངེས་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་ཚེ་དང་ཚེ་དབང་ལྷ་མོས་ཞུས)