《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年10月06日

བྱ་ཐབས་ལག་བསྟར་བྱས་། གྲོང་གསེབ་དར་རྒྱས་བཏང་།

——ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་ཐབས་ལག་བསྟར་བྱས་པ།

མཛེས་སྡུག་ལྡན་པའི་སྡོད་མལ་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་རེད་ལ། དམངས་ཕན་དམངས་བདེའི་དམངས་འཚོའི་འདུ་འགོད་ཅིག་ཀྱང་རེད། ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག ལུགས་རྙིང་སྲོལ་ངན་སྤོང་བ་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་ཐབས་གསུམ་ལག་བསྟར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་ལས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད།

གྲོང་གསེབ་ཀྱི་མི་ཆོས་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ།

ཟླ་8ཚེས་6ཉིན་གྱི་དགོང་མོ། ལོ་47ལ་སླེབས་པའི་སྤོ་བོ་རྫོང་རྒུ་ཤང་རྒུ་གྲོང་ཚོའི་གྲོང་མི་དཔལ་འབྱོར་གྱིས་དགོང་ཟས་བཟས་རྗེས་གྲོང་ཚོ་ཨུ་ལྷན་གྱི་ཐོག་སོ་གཉིས་པར་ཡོད་པའི་མཚན་མོའི་སློབ་གྲྭའི་གསོ་སྦྱོང་ཁང་དུ་བསྐྱོད། ཁོང་གིས་སྔར་རྒྱུན་བཞིན་མདུན་གྲལ་དུ་བསྡད་དེ་མིག་ཤེལ་དང་འབྲི་དེབ་སོགས་གྲ་སྒྲིག་བྱས་ཏེ་དགེ་རྒན་སྒུག་ནས་བསྡད།

དཔལ་འབྱོར་གྱིས། གསར་དུ་བཙུགས་པའི་ཞིང་འབྲོག་པའི་མཚན་མོའི་སློབ་གྲྭར་རྫོང་ཞིང་ལས་གྲོང་གསེབ་ཅུས་སྔོ་ཚལ་འདེབས་འཛུགས་ཐད་ཀྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས། ཉེ་ཆར་སློབ་ཚན་ཁྲིད་རྩིས་ཡོད་པ་ཤེས་རྟོགས་བྱུང་བས། དགོང་ཟས་བཟས་མ་ཐག་ཁོང་གིས་སློབ་ཁང་དུ་སློབ་ཚན་ཉན་པར་ཡོང་བ་ཞིག་རེད།

སློབ་ཚན་འདི་ཁྲིད་ཟིན་རྗེས་ཏག་ཏག་སྔོ་ཚལ་འདེབས་པའི་དུས་སུ་སླེབས་སྟབས། དཔལ་འབྱོར་གྱིས་མཚན་མོའི་སློབ་གྲྭ་ནས་སྦྱངས་པའི་ཤེས་བྱར་བརྟེན་ནས་ཀྲོ་མ་ཀྲུ་ཁག་གཅིག་ཚོད་འདེབས་བྱས།

“ངས‘ཞིང་པའི་མཚན་མོའི་སློབ་གྲྭའི’སློབ་ཚན་ཚང་མ་ཉན་པ་ཡིན”ཞེས་དཔལ་འབྱོར་གྱིས་བཤད། ད་བར་ཁོང་གིས་སློབ་ཚན་གཅིག་ཀྱང་ཆད་མྱོང་མེད།

ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་གིས་དགོང་མོ་དང་ཞིང་དལ་གྱི་དུས་ཚོད་སྤྱད་དེ་དགོས་མཁོའི་སྟོན་ཕྱོགས་ལ་བརྩི་སྲུང་དང་། རིགས་དབྱེ་སློབ་ཁྲིད་བྱེད་པ། ཕན་འབྲས་དངོས་ལ་སྣང་ཆེན་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་། སྲིད་འཛིན་གྲོང་ཚོ་ཚན་པ་བྱས་ནས“སྐད་གཉིས”ཀྱི་མཚན་མོའི་སློབ་གྲྭ་བཙུགས་པ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་བ་དང་། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ། སྒྲིག་འཛུགས་ནུས་པ་ལྡན་པའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི། གྲོང་ཚོའི་ལས་བྱེད་པ། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱིས“སྐད་གཉིས”མཚན་མོའི་སློབ་གྲྭའི་དགེ་རྒན་བྱས་ཏེ་ཞིང་འབྲོག་པར“སྐད་གཉིས”སློབ་པ་དང་ལས་ཞུགས་འཇོན་ཐང་ཆེ་རུ་བཏང་ནས་ཁོང་ཚོ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས།

གྲོང་ཚོའི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བ།

གྲོང་གསེབ་མཛེས་སྡུག་ལྡན་པ་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཁོར་ཡུག་ལ་རག་ལུས་ཡོད། སྣོད་བཅུད་སྡོད་མལ་གྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་ཇུས་རེད།

སྟོན་ཁའི་གོམ་སྟབས་དང་བསྟུན་ནས་གསར་འགོད་པ་མཚོ་མགོ་མཚོ་འགྲམ་གྱི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་མཚོ་མགོ་གྲོང་ཚོར་སླེབས་བྱུང་། བློ་ཡུལ་ལ་འཆར་བའི་ཐག་རིང་ལུང་ཁུག་གི་བཙོག་ཟིང་ཞན་གསུམ་གྱི་ཁོར་ཡུག་དང་མི་འདྲ་བར་གྲོང་ཚོའི་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་རྩར་བསྐྲུན་པ་དང་། གསར་དུ་བསྐྲུན་པའི་སྡོད་ཁང་གསར་པ་གྲལ་སྟར་འགྲིག་པ། དེ་བས་ཧང་སངས་དགོས་པ་ཞིག་ནི་གྲོང་ཚོའི་ནང་དུ་གད་སྙིགས་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། ཐ་ན་ཤོག་སྙིགས་ཙམ་ཡང་མཐོང་རྒྱུ་མི་འདུག

ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཁོར་ཡུག་བཅོས་སྒྲིག་དང་འདུ་ཤེས་གཞན་སྒྱུར་ལ་ཁྲིད་སྟོན་བྱེད་རྒྱུ་ཟུང་འབྲེལ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་སྡོད་ལས་དོན་རུ་ཁག་གི་ནུས་པ་གང་ལེགས་འདོན་པ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་ཞིང་འབྲོག་པའི་འདུ་ཤེས་གཞན་སྒྱུར་ལ་ཁྲིད་སྟོན་དང་། འཕྲོད་བསྟེན་འདུ་ཤེས་དང་ཡ་རབས་ཀྱི་འཚོ་བའི་གོམས་གཤིས་གསོ་སྐྱོང་། ཤེས་དཔལ་སྲོལ་གསར་སྐྱེད་སྲིང་། བདེ་ཐང་གི་འཚོ་བའི་གོམས་གཤིས་དར་སྤེལ་བཅས་བཏང་ནས། མང་ཚོགས་ཀྱི་བྱེད་པོའི་ནུས་པ་གང་ལེགས་འདོན་པ་དང་། ཚད་གཞི་མཐོ་ཤོས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་དང་རང་འགུལ་རང་བཞིན་སྐོང་འཐེན། ཁོང་ཚོ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ནང་རང་རྟོགས་ངང་ཞུགས་སུ་འཇུག་པ་བཅས་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

ཤང་སྲིད་གཞུང་དང་། གྲོང་ཚོ“ཨུ་ལྷན་གཉིས” གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱི་རོགས་རམ་དང་སློབ་གསོའི་འོག་མཚོ་མགོ་གྲོང་ཚོའི་གྲོང་མིས་དུས་བཀག་ལྟར་གྲོང་ཚོར་གཙང་སྦྲ་བྱེད་པའི་ཚོགས་ཆུང་རང་འགུལ་ངང་སྒྲིག་འཛུགས་བྱས་ཏེ་ཡུག་ཁུལ་དབྱེ་ནས་གྲོང་ཚོའི་ཁུག་ཀྱོག་གང་སར་གཙང་སྦྲ་བྱེད་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོང་ཚོ་དང་ཐག་རིང་བའི་ས་ཆར་བོད་ཕག་གསོ་ཚགས་ར་བ་དང་ལྷས་ར་བསྐྲུན་ནས་མི་ཕྱུགས་ཁག་དབྱེ་བྱས་ནས་དེ་སྔའི་མི་དང་ཕྱུགས་མཉམ་སྡོད་ཀྱི་རྣམ་པར་འགྱུར་ལྡོག་བཏང་བ་རེད། གྲོང་ཚོའི་གཙང་སྦྲའི་ལྟ་སྐུལ་དོ་དམ་པ་དང་ནགས་སྲུང་བས་ད་དུང་ཡུལ་དུས་ངེས་མེད་ངང་གྲོང་ཚོ་ཡོངས་ཀྱི་གཙང་སྦྲའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཀྱི་ཡོད།

གྲོང་གསེབ་ཀྱི་ཡ་རབས་ཡུལ་སྲོལ་སྐྱེད་སྲིང་བྱས་པ།

ཀུན་སྤྱོད་གླེང་བའི་སློབ་ཁང་ཆེ་མོའི་བྱེད་སྒོ་གཉེར་ནས་མང་ཚོགས་ཀྱིས་ཀུན་སྤྱོད་དཔེ་མཚོན་གྱི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་རྒྱུའི་འབོད་སྐུལ་བྱས་པ་དང་། གྲོང་གསེབ་རིག་གནས་ས་ཚིགས་ལ་དཔེ་དེབ་དང་། གློག་ཀླད། ལུས་སྦྱོང་ཡོ་བྱད་སོགས་ཉོ་སྒྲུབ་བྱས་ནས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ། དགོང་ཚོགས་དང་། གླུ་གར་འགྲན་བསྡུར། ཤེས་བྱ་འགྲན་བསྡུར། ལག་རྩེད་སྤོ་ལོ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་རྟག་ཏུ་སྤེལ་ནས། ཞིང་འབྲོག་པའི་བསམ་པའི་དཔལ་ཡོན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་སོགས་ལས་ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་ཁག་ཏུ་ཡ་རབས་ཡུལ་སྲོལ་གང་སར་ཁྱབ་ཡོད།

2018ལོར། མེ་ཏོག་རྫོང་འབྲས་སྤུངས་ཤང་གིས་གྲོང་ཚོའི་རིག་རྩལ་རུ་ཁག་ཐོག་མ་དེ་བཙུགས་པ་དང་འབྲེལ། ལེ་ཚན་མང་པོ་ཞིག་རང་རྩོམ་རང་འཁྲབ་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ཁོང་ཚོས་རིག་རྩལ་འཁྲབ་སྟོན་སྣ་ཚོགས་བྱས་པ་དང་ཆབས་ཅིག ད་དུང་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་གསལ་འགྲེལ་པ་དང་། སྐབས་འཕྲལ་ཆབ་སྲིད་སྒྲོག་འགྲེལ་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་པ་བཅས་ཀྱི་འགན་ཁུར་གྱི་ཡོད། “ཉེ་འགྲམ་གྱི་བྱ་བ་དང་ཟུང་འབྲེལ་བྱས་ནས་འཁྲབ་ཚན་རང་རྩོམ་རང་འཁྲབ་བྱས་ཏེ་ལྟད་མོ་བར་སློབ་གསོ་ཐེབས་སུ་བཅུག་ཡོད”ཅེས་མེ་ཏོག་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བསྟན་འཛིན་གྱིས་བཤད།