《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月29日

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་འཐུས་མིའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོའི་ལས་དོན་གྱི་དྲ་ཐོག་བསམ་འཆར་བསྡུ་ལེན་བྱེད་སྒོར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་ཚོར་གནང་བའི་དུས་ཆེན་གྱི་རྟེན་འབྲེལ་དང་འཚམས་འདྲི། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་ཚོགས་འདུ་རབ་དང་རིམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་དང་ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཏང་འཛུགས་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱིས་ང་ཚོར་མཁོ་ཚོང་མཉམ་ལས་ཁང་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྲོམ་རའི་སྟོང་ཆ་སྐོང་བ་དང་ཁྲོམ་རའི་སྲུབས་ཀ་མེད་པར་བཟོ་བའི་མཁོ་ཚོང་མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་ལྗོངས་ཀྱི་ཐག་རིང་དང་མཐའ་མཚམས་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཛད་སྤྱོད་དགོས་མཁོ་ཟམ་མི་ཆད་པར་བསྐངས་ནས་རང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་འཁོར་རྒྱུག་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ང་ཚོར“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་མཐོ་ཚད་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་གི་བཀོད་པའི་འོག་གི་གཅིག་མཐུན་དང་ཐ་དད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། “མཐུན་ཆ་མཉམ་འདུས”ཀྱི་རིག་གནས་མོས་སེམས་ཆེ་རུ་གཏོང་བ་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གང་ལེགས་མཚོན་པ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་གློག་བརྙན་དང་བརྙན་འཕྲིན་ལེ་ཚན་དང་། གླུ་གཞས། ལྷ་མོ་སོགས་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱེད་པ། བོད་ཀྱི་ལོ་རྒྱུས་ཐོག་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་དང་ལེགས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་བབ་མཐོ་བའི་དམིགས་བསལ་ནད་གཞིར་དམིགས་པའི་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་ཆ་ཚང་ཞིག་ཞིབ་འཇུག་དང་ཁྱབ་གདལ་གཏོང་དགོས། དམངས་ཡོངས་ཀྱི་གཟུགས་པོའི་བྱང་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ། རང་ལྗོངས་ཀྱི་ལུས་རྩལ་སྒྲིག་བཀོད་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པའི་ལེགས་ཆ་འདོན་སྤེལ་བྱས་ནས་དམངས་ཡོངས་ཀྱི་བདེ་ཐང་འདུ་ཤེས་དར་སྤེལ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཕྲུ་གུ་ཚོར་ཆུང་དུས་ནས་བློ་སྟོབས་ཞུན་བརྡར་དང་ལུས་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག དགོན་སྡེར་ལུས་རྩལ་ཁྱབ་གདལ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། སློབ་གསོ་དང་། རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་གྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱས་ཏེ། ཁོང་ཚོར་རང་ལྗོངས་ཀྱི་མིག་སྔར་སྒྲུབ་ཐུབ་པ་དང་སྒྲུབ་དགོས་པའི་ལས་ཀར་དམིགས་ནས་བསམ་འཆར་དང་གྲོས་འགོ་མང་ཙམ་འདོན་རྒྱུར་ཁྲིད་སྟོན་བྱས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ཐབས་ཇུས་དམངས་ལ་འདྲི་བ་གཅིག་གྱུར་བྱེད་པ་དང་། དྲ་སྦྲེལ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བཅས་བྱས་ནས། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་དགོས། དྲ་རྒྱའི་ལྟ་སྐུལ་གྱི་དྲང་ནུས་འདོན་སྤེལ་ཡག་པོ་བྱས་ཏེ། དྲ་སྦྲེལ་བརྒྱུད་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་། དགོས་མཁོ། རེ་འདོད་བཅས་དུས་ཐོག་ཏུ་ཤེས་རྟོགས་ཀྱིས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་ས་དང་། སུན་སྣང་བྱེད་ས། སེམས་ནད་ཆེ་ས་བཅས་ཐག་གཅོད་ཡག་པོ་བྱས་ནས། བློ་རྒྱ་ཆེན་པོས་བསམ་འཆར་དང་གྲོས་འགོ་དང་ལེན་ཧུར་ཐག་བྱས་ཏེ་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལས་དོན་སྔར་བས་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་བརྩེ་སེམས་ཟབ་མོ་བཅངས་ནས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གལ་ཆེ་ཤོས་ཤིག་ཏུ་བརྩི་བ་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བ་ཕན་ཚུན་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད། “ཞིང་གསུམ”ལས་དོན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་ཚན་རྩལ་གྱི་འདེགས་སྐྱོར་སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་མཐོ་ཚད་ཐོག་ནས་ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ས་གནས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནེ་པ་ལར་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་དོན་གནད་སློབ་སྦྱོང་དང་གོ་བ་མཐར་ཕྱིན་པ་བླངས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། (སྒྱུར་ཞུས་པ་བསྟན་འཛིན་གཡུ་སྒྲོན་དང་སྐལ་བཟང་སྒྲོལ་མ)