《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月29日

ཏིང་ཡེ་ཤན་ཆབ་མདོར་ཕེབས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཆབ་མདོ་གྲོང་ཁྱེར་དུ་ཕེབས་ནས་ས་གནས་དེ་གའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

ཧྲུའུ་ཅི་ཝུའུ་དབྱིང་ཅེའི་བྱམས་བརྩེའི་འཚམས་འདྲི་མཚོན་པར་བྱ་ཆེད། གནམ་གྲུ་ནས་བབས་མ་ཐག་ཏིང་ཡེ་ཤན་རླངས་འཁོར་ལ་ཞུགས་ཏེ་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་པེ་ཅིང་གྲོང་གསར་རྟགས་བརྒྱད་ཐང་ཆེན་དུ་ཕེབས་ནས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན། བོད་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་ཕྱོགས་ཁག་གི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གླེང་གནང་བ་རེད། ཏིང་ཡེ་ཤན་གྱིས་འཚོ་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་དམིགས་བསལ་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་ཚོར་ཐུབ་པ་བྱས་ནས། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅིའི་གདེང་འཇོག་གང་ལེགས་དང་ཐུགས་ཁུར་ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་ཆེད་འབད་འཐབ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ནུས་ཤུགས་གང་ཡོད་འདོན་དགོས་པ་བཅས་ཀྱི་ཐུགས་རེ་གནང་བ་རེད། ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱས་པར་བརྟེན་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཆབ་མདོ་གྲོང་ཁྱེར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གྱི་ལས་བྱེད་པའི་ཚོགས་ཆེན་ཐོག ཏིང་ཡེ་ཤན་གྱིས་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་ཟུང་འབྲེལ་གནང་སྟེ། ངོས་འཛིན་དང་། ལག་ལེན། རིགས་པའི་གཞུང་ལུགས་བཅས་ཀྱི་ཐད་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་དོན་ཟབ་གོ་སླའི་སྒོ་ནས་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་བོད་ཀྱི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བར་གོ་བ་གཏིང་ཟབ་ལེན་པ། “ངེས་པར་དུ་བཅུ”ཡི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ནང་དོན་ཟབ་མོ་དང་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། ལག་ལེན་གྱི་བསམ་པའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྱོང་དང་ཏང་གིས་བོད་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་གོ་བ་མཐར་ཕྱིན་པ་བླངས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་སྒྲུབ་ཏན་ཏིག་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

(བདེ་ཆེན་སྒྲོལ་དཀར་གྱིས་བསྒྱུར། པ་སངས་ཀྱིས་ཞུས)