《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月28日

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་གཉིས་པ་ལྷ་སར་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་ཞིབ་སྲོལ་ཡིག(འཆར་ཟིན)》ལ་བཟོ་བཅོས་བརྒྱབ་པའི་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་པ་རེད།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས>ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་དག་བཅོས་འཆར་ཟིན(མ་ཟིན)》དང་། 《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས>ལག་བསྟར་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས་དག་བཅོས་འཆར་ཟིན(མ་ཟིན)》《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་ཐབས་དག་བཅོས་འཆར་ཟིན(མ་ཟིན)》བཅས་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་གསལ་བཤད་བྱས་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བསམ་འཆར་སྐོར་གྱི་སྙན་སེང་ཞུས་པ་རེད།

ཚོགས་འདུའི་ཐོག་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ལྷོ་ཁ་གྲོང་ཁྱེར་གྱི་བྱེ་རྡོ་སྔོག་འདོན་དོ་དམ་སྲོལ་ཡིག》དང《ལྷོ་ཁ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་སྐུལ་གཏོང་སྲོལ་ཡིག》སྐོར་གྱི་གསལ་བཤད་དང《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་འགྱུར་སྲོལ་ཡིག》དང《ཆབ་མདོ་གྲོང་ཁྱེར་གྱི་རྒྱལ་གཅེས་འཕྲོད་བསྟེན་དོ་དམ་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་ཀྱི་གསལ་བཤད་བཅས་སོ་སོར་ཉན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་སོ་སོར་ཞིབ་བཤེར་སྙན་སེང་ཞུས་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་ཡིས་གནང་བའི་རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་རེད།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་འདི་ལོ་ཚུན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གྱི་གནས་ཚུལ་སྙན་སེང་ཞུས་པ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་འདི་ལོ་ཚུན་གྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཝུན་ཧན་གྱིས་གནང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙོན་ཁང་སྐོར་གྱི་བཅའ་ཁྲིམས》ལག་བསྟར་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་ཉན་པ་རེད།

ཚོགས་འདུའི་ཐོག་ད་དུང་འཐུས་མི་འགའ་ཞིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་སྙན་ཞུ་ཉན་པ་དང་འབྲེལ་ཡོད་ཀྱི་གོ་གནས་བསྐོ་འཐེན་སྐོར་ལ་གྲོས་ཞིབ་ཀྱང་བྱས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)