《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月28日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ལེ་མིང་ཧྲན་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ལེ་མིང་ཧྲན་བཅས་པ་དང་བཞུགས་མོལ་གནང་སྟེ། བོད་སྐྱོར་ལས་དོན་སྔར་བས་ཟབ་ཏུ་གཏོང་བའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་ལྷན་དུ་ཕེབས་པ་རེད།

ཝུའུ་དབྱིང་ཅེས་རང་ལྗོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་མཚམས་དེར་ཏུང་ཧྲི་ཀྲང་ལེ་མིང་ཧྲན་གྱིས་རུ་སྣེ་ཁྲིད་དེ་བོད་དུ་བརྟག་ཞིབ་གནང་བར་ཕེབས་ནས།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བྱ་སྤྱོད་ངོ་མའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་བ་དེ་ཐོག་ནས་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་དམངས་དབར་གྱི་བརྩེ་བ་ཟབ་མོ་གང་ལེགས་མཚོན་ཡོད། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལེ་མིང་ཧྲན་དང་བཅས་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པས་ཡུན་རིང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བོད་ཀྱི་ལས་དོན་གྱི་དམིགས་ཚད་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱ་ཐབས་བཅས་ཁ་གསལ་བཏོན་གནང་བས་ང་ཚོས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་དང་བོད་ཀྱིས་འབྲི་ཆུའི་མཚོ་མཚེའུ་སྣོད་བཅུད་སྲུང་སྐྱོང་དང་ཆུ་བོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་ལས་དོན་སྒྲུབ་རོགས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་གང་མགྱོགས་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རོགས་བྱ་རྒྱུའི་རེ་བ་ཡོད། བོད་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཞིང་པ་མང་ཚོགས་ཀྱིས་སྟབས་བདེ་ཞིང་རིན་གོང་ཁེ་བའི་དྭངས་གཙང་ནུས་རྒྱུ་སྤྱོད་ཐུབ་པ་དང་། དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་དེང་རབས་འཚོ་བ་སྐྱེལ་ཐུབ་པ། བོད་ཀྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་ལས་བྱུང་བའི་ཕན་པ་ཚོར་ཐུབ་པ་བཅས་ཀྱི་ཆེད་དུ་འབད་བརྩོན་བྱས་ཏེ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

ལེ་མིང་ཧྲན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་རྒྱབ་སྐྱོར་དང་བསམ་ཤེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་ཧུར་ཐག་ཞུ་བ་དང་བཀའ་ལ་ཉན་པ། ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་། སྤྱི་ཚོགས་འགན་འཁྲི། དཔལ་འབྱོར་འགན་འཁྲི་བཅས་ཡག་པོ་འཁུར་བ་བཅས་བྱས་ཏེ། བོད་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་དགོས་མཁོ་དང་ཕྱོགས་ཡོངས་ནས་སྦྲེལ་མཐུད་བྱེད་པ། བོད་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་སྐབས་གཏིང་ཟབ་ཞུགས་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བོད་ཀྱི་དྭངས་གཙང་ནུས་རྒྱུ་གསར་སྤེལ་གྱི་ཕན་པ་དེ་བས་རྒྱ་ཁྱབ་ངང་སྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།