《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月28日

ཝུའུ་དབྱིང་ཅེས་ལེང་ཀུའེ་བཅས་པ་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་25ཉིན་གནས་ཚུལ་འབྱོར་གསལ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཧྲའན་ཤིས་ཞིང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲེང་ཀྲང་གཞོན་པ་ལེང་ཀུའེ་ཡིས་རུ་སྣེ་ཁྲིད་པའི་ཧྲའན་ཤིས་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་བཞུགས་མོལ་གནང་ནས། ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ལིའུ་ཅང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་ཧྲའན་ཤིས་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་ཧྲའན་ཤིས་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།

ཝུའུ་དབྱིང་ཅེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱས་པ་མཚོན་བྱེད་དུ་བྱས་ནས། བོད་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་པས་འཕེལ་རྒྱས་ཀྱི་རྩ་ཆེའི་གོ་སྐབས་བསུས་ཡོད་ལ། འགྲན་སློང་དང་ལས་འགན་གསར་པའང་འཕྲད་བཞིན་ཡོད། དེར་བརྟེན་ཧྲའན་ཤིས་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་བོད་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སེམས་ཁུར་དང་རྒྱབ་སྐྱོར་བྱ་རྒྱུ་དང་། མངའ་རིས་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། ཐོན་ལས་འཕེལ་རྒྱས་ཀྱི་རྩེ་རིམ་ཇུས་འགོད་དང་། ཤེས་ལྡན་མི་སྣ་ནང་འདྲེན། རྩྭ་ཕྱུགས་དོ་སྙོམས་ལ་ཞིབ་འཇུག སྣོད་བཅུད་སྲུང་སྐྱོང་དང་མྱ་ངམ་ཐང་བཅོས་སྐྱོང་སོགས་ཀྱི་ཐད་མཛུབ་ཁྲིད་ནུས་ལྡན་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་གནས་བབ་ཆེན་པོའི་ནང་ཞུགས་རིང་བསགས་པའི་ཧྲའན་ཤིས་ཀྱི་ཉམས་མྱོང་དང་བྱ་ཐབས་ལ་བརྟེན་ནས། མངའ་རིས་ས་ཁུལ་ལ་མཐའ་མཚམས་ཚོང་དོན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཏེ་མཐའ་མཚམས་མི་སེར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ། ཧྲའན་ཤིས་ཀྱི་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་འདོན་སྤེལ་བྱས་ནས་བོད་ལྗོངས་མི་རིགས་སློབ་ཆེན་དང་ཧྲའན་ཤིས་མངའ་ཁོངས་ནང་གི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་གིས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་བཅས་བྱ་རྒྱུར་སྙིང་ཐག་པ་ནས་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།

ལེང་ཀུའེ་ཡིས་ཧྲའན་ཤིས་ཞིང་ཆེན་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་བོད་རང་སྐྱོང་ལྗོངས་དང་མངའ་རིས་ས་ཁུལ་གྱི་དགོས་མཁོ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཁ་གཏད་བོད་སྐྱོར་ལས་དོན་འཆར་འགོད་ཡག་པོ་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཐོག་དུས་རབས་གསར་པའི་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།