《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月28日

ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཡན་ཅིན་ཧའེ་བཅས་ཚོགས་འདུར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་26ཉིན་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་ཏན་ཏིག་གཏོང་བ། དུས་བབ་གསར་པའི་འོག་གི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱ་ཆེད། ཚེས་24ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཆེ་དགྲ་ལྷ་དང་། ཏིང་ཡེ་ཤན། ཡན་ཅིན་ཧའེ་བཅས་དང་། རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཅང་ཅེ་དང་ལིའུ་ཅང་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག 2020ལོའི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གནས་ཚུལ་སྙན་སེང་ཉན་པ་དང་། འབྲེལ་ཡོད་སྙན་ཞུ་དང་རྣམ་གྲངས་འཆར་གཞིར་གྲོས་ཞིབ་བྱས་པ། ཚོགས་ཞུགས་མི་སྣས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།

ཝུའུ་དབྱིང་ཅེས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སོགས་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་དང་ཁས་ལེན་གང་ལེགས་གནང་བ་དེ་ནི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། ལྷག་པར་དུ་དབུལ་སྐྱོར་འཐབ་ས་དང་པོར་བརྟན་སྲུང་བྱེད་མཁན་བློ་མཐུན་ཚོར་སྐུལ་ལྕག་དང་སྐུལ་མ་གནང་བ་ཞིག་རེད། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་དེ་ནི་དབུལ་སྐྱོར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་བོད་དུ་གང་ལེགས་མངོན་པ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དེའི་ཁྲོད་ནས་བསམ་པའི་སྟོབས་ཤུགས་ཆེན་པོ་བསྡུ་ལེན་དང་། ཡིད་ཆེས་དང་ལས་ཀ་སྒྲུབ་སེམས་ཆེ་རུ་གཏོང་བ། སེམས་ཁྲལ་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་པ་དང་། དབུལ་སྐྱོར་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མཐའ་གཅིག་ཏུ་ལྷག་བསམ་ཟོལ་མེད་ཡིན་པ་མཚོན་དགོས་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་དུས་བབ་གསར་པའི་འོག་གི་དབུལ་སྐྱོར་ལས་དོན་ཡག་པོ་སྒྲུབ་པར་གནད་དོན་གསེད་བཀྲོལ་ཡག་པོ་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་དེ་བས་འབད་བརྩོན་བྱེད་པ་དང་། ཐབས་ཤེས་དེ་བས་མང་བ་བསམ་བློ་གཏོང་བ། རྗེས་མཐུད་རོགས་རམ་དང་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས་གནད་དོན་དངོས་ཐག་གཅོད་ཡག་པོ་བྱས་ཏེ། དབུལ་སྒྲོལ་མང་ཚོགས་དབུལ་པོ་རང་ལོག་མི་ཡོང་བའི་འགན་ལེན་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་པོས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་དབུལ་སྒྲོལ་གྱི་བརྟན་པོའི་རང་བཞིན་ཆེ་རུ་བཏང་སྟེ་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་ཀྱི་ཞིབ་བཤེར་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་སྟེ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་དགོས་ལ་དབུལ་སྒྲོལ་གཏམ་རྒྱུད་ཡག་པོ་ཤོད་རྒྱུར་མཐོང་ཆེན་ཡང་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དངོས་སུ་ཚོར་བ་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་དུ་གཏོང་དགོས། བསམ་བློའི་དབུལ་སྐྱོར་དང་སྙིང་སྟོབས་ཀྱི་དབུལ་སྐྱོར་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ལྟོ་གོས་ཀྱི་གནད་དོན་དང་བསམ་བློའི་གནད་དོན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོས་བརྟན་ལྷིང་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས།

གཉིས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རིམ་སྤོར་ཡག་པོ་བྱེད་དགོས། “འགོ་ཁྲིད་ཨང་དང་པོས་སྤྱིའི་འགན་འཁུར་བ་དང་རིམ་པ་ལྔའི་ཧྲུའུ་ཅིས་དབུལ་སྐྱོར་ལ་དམ་འཛིན་བྱེད་པའི”བླང་བྱར་ནན་པོ་གཞིགས་ནས “མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་གྲུབ་པའི་རྩ་འཛུགས་ཀྱི་བཀོད་འདོམས་མ་ལག་དང་། སྲིད་ཇུས་འགན་སྲུང་མ་ལག སྤྱི་ཚོགས་ཡོངས་ཞུགས་པའི་ལམ་སྲོལ་བཅས་སྤྱིའི་ཆ་ནས་བརྟན་པོ་ཡོང་བའི་རྒྱུན་འཁྱོངས་བྱས་ཏེ། སྲིད་ཇུས་མཚམས་མི་འཇོག་པ་དང་ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བའི་འགན་ལེན་བྱེད་དགོས། དབུལ་པོ་རང་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་དབུལ་སྒྲོལ་ཐོན་ལས་སྲ་བརྟན་དུ་གཏོང་བ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་མང་ཚོགས་མཉམ་འདྲེས་ཀྱི་ལས་དོན་རྒྱུན་མཐུད་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་འགན་སྲུང་དྲ་བ་དམ་དུ་གཏོང་དགོས།

གསུམ་ནས་ཕྱོགས་ཡོངས་ནས་དབུལ་སྒྲོལ་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་དམིགས་ནས། ཞན་ཆ་སེལ་བའི་ཐད་ནུས་ཤུགས་ཡོད་རྒུ་འདོན་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། དབུལ་པོ་ཉུང་གཏོང་གི་འཐབ་ཇུས་དང་ལས་དོན་མ་ལག་བརྟན་པོའི་ངང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། དུས་ཡུན་རིང་ཐུང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་དར་རྒྱས་ཡར་ཐོན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞིའི་གྲང་ཕྲེང་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། མ་དངུལ་དང་རྣམ་གྲངས་ཁག་དམངས་འཚོའི་ཁྱབ་ཁོངས་དང་ཞིང་འབྲོག་ཁུལ་ལ་མུ་མཐུད་གཟིགས་སྐྱོང་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་བསྐྲུན་མགྱོགས་སུ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཝུའུ་དབྱིང་ཅེས། བཟའ་མཁས་འཐུང་མཁས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་དབུལ་སྐྱོར་མ་དངུལ་བེད་སྤྱོད་ཡག་པོ་དང་དབུལ་སྐྱོར་རྣམ་གྲངས་ལ་དོ་དམ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས། ཞིང་ལས་དང་འབྲེལ་བའི་ནོར་སྲིད་ཀྱི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་དང་བེད་སྤྱོད་ཡག་པོ་གཏོང་བའི་དགོས་ངེས་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་དང་། བསམ་ཕྱོགས་གསར་གཏོད་ཧུར་ཐག བསྡུ་སྒྲིལ་དང་སྡེ་ཚན་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། གང་ཐུབ་ཅི་ཐུབ་དང་། འཁོས་དཔག་ལས་སྒྲུབ། གྲོན་ཆུང་སྔོན་འཇོག་བཅས་མཐའ་འཁྱོངས་ཀྱིས་འཁྱག་དུས་གོས་དང་ལྟོགས་དུས་ཟས་མང་ཙམ་སྐྱེལ་བ་དང་གཡང་རྩེའི་སྒང་ལ་ཡས་སྒྲོན་ཉུང་ཙམ་རྒྱག་པ་དང་། དབུལ་སྐྱོར་མ་དངུལ་བེད་སྤྱོད་དོ་དམ་བདེ་འཇགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་ལ་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ཐོན་ལས་ལ་དམིགས་ནས་ཤུགས་བརྒྱབ་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད་གཏོང་ཆ་ནུས་ལྡན་གཏོང་རྒྱུའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་གྱི་འགན་འཁྲི་ཁ་གསལ་བཟོ་བ། མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མ་དངུལ་ལྟ་སྐུལ་དོ་དམ་ནན་པོ་བཅས་བྱས་ནས་མ་དངུལ་སྤྱད་པར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(རིག་འཛིན་རྡོ་རྗེས་བསྒྱུར། པ་སངས་སྒྲོན་ལགས་ཀྱིས་ཞུས)