《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月22日

བསྟན་ཁོས་ས་སྐྱ་དགོན་དུ་དགོན་སྡེ་དོ་དམ་དང་ནང་བསྟན་ཡན་ལག་སློབ་གླིང་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་18དང་ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བསྟན་ཁོ་ས་སྐྱ་རྫོང་ས་སྐྱ་དགོན་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

བསྟན་ཁོས་ས་སྐྱ་དགོན་པའི་དགོན་སྡེ་དོ་དམ་དང་། ནང་བསྟན་ཡན་ལག་སློབ་གླིང་འཛུགས་སྐྲུན། དགོན་སྡེའི་རིག་དངོས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གཏིང་ཟབ་གནང་བ་རེད། ཁོང་གིས་གྲྭ་བཙུན་ཡོངས་ཀྱིས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མུ་མཐུད་དར་སྤེལ་བཏང་སྟེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།

ཚེས་19ཉིན་གྱི་སྔ་དྲོར། བསྟན་ཁོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྐོར་ས་སྐྱ་རྫོང་གི་འབྲེལ་ཡོད་ཆོས་ལུགས་སྡེ་ཚན་གྱི་ལས་བྱེད་པ་དང་རྫོང་ཡོངས་ཀྱི་གྲྭ་བཙུན་གྱི་འཐུས་མིར་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད། བསྟན་ཁོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་བཀོད་དང་སྐུ་ངོ་མས་བཀོད་སྒྲིག་གནང་ནས་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད། ཆོས་ལུགས་རིགས་ཁོངས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལྟར་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སྔར་བས་མཐའ་འཁྱོངས་དང་། དགོན་སྡེའི་དོ་དམ་ལ་རང་འགུལ་ངང་ཞུགས་པ། ཆོས་ལུགས་ཀྱི་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་ཀྱི་སྔོན་ཐོན་གྲྭ་བཙུན་བྱེད་རྒྱུའི་བརྩོན་ལེན་བྱས་ཐོག བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་སེམས་ཚད་མེད་མཚོན་པར་བྱས་ཏེ་དུས་ནམ་ཡང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་སྔར་བས་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།