《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཧྲན་ཏུང་བོད་སྐྱོར་སྨན་བཅོས་རུ་ཁག་གིས།

ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱས་པ།

“ཧྲན་ཏུང་བོད་སྐྱོར་སྨན་བཅོས་རུ་ཁག་གི་དགེ་རྒན་ཚོ་སླེབས་རྗེས། ང་ཚོའི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དུས་མཚུངས་ལས་35.43%འཕར་བ་དང་སྨན་ཁང་ནས་དོན་མཁན་མི་ཐེངས་དུས་མཚུངས་ལས་46.05%འཕར་བ། གཤགས་བཅོས་བྱེད་ཚད་དེ་སྔའི་ཟླ་རེར་ཐེངས་5ཡང་མ་ཟིན་པ་ནས་ཟླ་རེར་ཐེངས་30ལས་བརྒལ་བ། སྒོ་བསྟེན་སྨན་ཁང་གི་ཡོང་འབབ་དུས་མཚུངས་ལས་106.43%འཕར་བ་དང་ཞག་སྡོད་སྨན་བཅོས་ཀྱི་ཡོང་འབབ་དུས་མཚུངས་ལས་60.82%འཕར་འདུག” ཧྲན་ཏུང་བོད་སྐྱོར་སྨན་བཅོས་རུ་ཁག་བཅའ་སྡོད་བྱས་ཚུན་ཐོབ་པའི་གྲུབ་འབྲས་སྐོར་གླེང་སྐབས་གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་ཡོན་ཀྲང་རྡོ་རྗེ་བློ་བསྟན་གྱིས་བསྔགས་བརྗོད་ཡང་ཡང་བྱས། ཧྲན་ཏུང་བོད་སྐྱོར་སྨན་བཅོས་རུ་ཁག་གིས་མ་བུ་བདེ་སྲུང་སྨན་ཁང་གི་འཕེལ་རྒྱས་ལ་ལེའུ་གསར་པ་ཞིག་བརྩམས་ཡོད།

2019ལོའི་ཟླ་7ཚེས་1ཉིན། ཧྲན་ཏུང་ཞིང་ཆེན་གྱིས་སྨན་བཅོས་ལག་རྩལ་དང་སྨན་ཁང་དོ་དམ་གྱི་རིགས་གཅིག་མཁས་ཅན་7སྐོང་འཐེན་བྱས་ནས་ཁག་དགུ་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་བཙུགས་ཏེ། གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་ལ་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་བྱས་པ་རེད། བོད་དུ་སླེབས་པ་ནས་བཟུང་། བོད་སྐྱོར་སྨན་བཅོས་རུ་ཁག་གིས་རོགས་སྐྱོར་བྱ་ཡུལ་ཚན་པའི་རྨང་གཞི་ཞན་པ་དང་། མི་སྣ་ཉུང་བ། སྒྲིག་གཞི་མི་འདང་བ། ནུས་པ་ཞན་པ་བཅས་ཀྱི་གནས་ཚུལ་ལ་དམིགས་ནས“གཞན་བརྟེན”དང“རང་བརྟེན”གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་དང་། རོགས་སྐྱོར་གྱི་བསམ་ཕྱོགས་གསལ་པོ་བཟོ་བ། དཀའ་གནད་ཡང་དག་འཚོལ་བ་བཅས་བྱས་ཏེ། དོ་དམ་དང་། ལག་རྩལ། ཞབས་འདེགས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། སྨན་ཁང་གི་སྙིང་སྟོབས་འཛུགས་པ་སོགས་ཕྱོགས་ལྔ་ལ་དམིགས་ནས་གཞིས་རྩེ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་པས། གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་དམིགས་ཚད་ཁག་ལེགས་སུ་ཕྱིན་པ་མ་ཟད། སྨན་ཁང་གི་ནད་བརྟག་ནུས་པ་ཆེ་རུ་དང་ལས་སྒོའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།

ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བོད་སྐྱོར་རིགས་གཅིག་མཁས་ཅན་གྱི་ལག་རྩལ་ལེགས་ཆ་གང་ལེགས་བཏོན་ཏེ་ནད་གཞི་བརྟག་དཔྱད་དང་སྨན་བཅོས་མང་དུ་དང་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་ཡོད། རིགས་ཆེན་པོ་6གི་བྱིས་པའི་ཕྱི་ནད་གཤགས་བཅོས་རིགས་69བྱེད་ཆོག་པའི་བྱིས་པའི་ཕྱི་ནད་ཚན་ཁག་བཙུགས་ནས་གཞིས་རྩེ་གྲོང་ཁྱེར་གྱི་མ་བུ་བདེ་སྲུང་སྨན་ཁང་གི་སྟོང་ཆ་བསྐངས་ཏེ་གཞིས་རྩེ་གྲོང་ཁྱེར་དུ་བྱིས་པའི་ཕྱི་ནད་ཚན་ཁག་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

“སྨན་བཅོས་སྤུས་ཚད་དང་སྨན་བཅོས་བདེ་འཇགས་ནི་སྨན་ཁང་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ”ཁོང་དུ་ཏན་ཏིག་ཆུད་པ་བྱས་ཏེ་སྨན་བཅོས་ཀྱི་ལྟེ་བའི་ལམ་ལུགས་ཁག་18དོན་འཁྱོལ་ནན་པོ་བྱས་ནས《གཞིས་རྩེ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་སྨན་པའི་ཀུན་སྤྱོད་དང་སྨན་བཅོས་སྤུས་ཚད་དཔྱད་གདེང་རེའུ་མིག》བཟོས་པ་དང་། སྒོ་བསྟེན་སྨན་ཁང་དང་ཞག་སྡོད་སྨན་ཁང་དུ་ནད་པའི་བསམ་འཆར་བསྡུ་ལེན་སྒམ་བཙུགས་ནས་རིམ་རྩིས་བྱས་ན་སྨན་ཁང་ནས་ཐོན་པའི་ནད་པའི་བློ་ཡིད་ཚིམ་པའི་བརྟག་དཔྱད་རེའུ་མིག་182འབྱོར་ཡོད། སྨན་བཅོས་ཀྱི་འགག་རྩའི་ལྷུ་ཚིགས་དང་བརྒྱུད་རིམ་ལག་བསྟར་ལེགས་སྒྲིག་བྱེད་པ་དང་། དུག་སྲིན་འགོག་ནུས་སྨན་རྫས་དོ་དམ་དང་སྨན་པའི་ཀུན་སྤྱོད་སོགས་ལ་སྤུས་ཚད་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་བཅོས་ཀྱི་སྤུས་ཚད་ཚོད་འཛིན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་སྨན་བཅོས་བདེ་འཇགས་ཀྱི་འགོག་རགས་ཟམ་མི་ཆད་པར་བརྟན་དུ་བཏང་བ་རེད།

“གཞན་རྟེན”དང“རང་བརྟེན”ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་དང་། ལས་མི་ཡོངས་གསོ་སྦྱོང་། རྐང་འཛིན་དགེ་ཕྲུག་བསྟེན་པ་བཅས་བྱེད་ཐབས་གསུམ་སྤྱད་དེ་སྨན་ཁང་གི་ཤེས་ལྡན་མི་སྣ་དཀོན་པའི་དཀའ་ངལ་ལ་འགྱུར་ལྡོག་བཏང་ཡོད། ཚན་ཁག་སོ་སོའི་ཤེས་ལྡན་མི་སྣའི་དགོས་མཁོར་བརྟག་ཞིབ་བྱས་ནས་གོང་རིམ་གཙོ་གཉེར་སྡེ་ཚན་གྱི་རྒྱབ་སྐྱོར་བརྩོན་ལེན་བྱས་པ། སྨན་དོན་མི་སྣ་15བསྡུས་པ་དེས་མིག་སྔའི་སྨན་ཁང་ཡོངས་ཀྱི་ལས་ཐོག་ལས་བཟོའི་20%བཟུང་ཡོད། བོད་སྐྱོར་སྨན་བཅོས་རུ་ཁག་གཙོ་བོར་བྱས་ནས་ལས་བཟོ་གསར་པར་ལས་ཞུགས་གསོ་སྦྱོང་བྱས་པ་དང་། ཆེད་ལས་གནས་སྦྱར་བྱེད་ཐབས་སྤྱད་དེ་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་རང་ཉིད་གནས་སའི་ཁོའོ་དང་ཁང་གི་ལས་དོན་མི་སྣར་དུས་བཀག་ལྟར་ལས་བཟོ་ཡོངས་ལ་གསོ་སྦྱོང་བྱས་པ་དང་ཟླ་3པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་རིགས་ཁག་གི་གསོ་སྦྱོང་སློབ་ཚན་100ལྷག་ཙམ་འཚོགས་པ་དང་གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་920ལྷག་ཙམ་བྱུང་ཡོད།

(ཚེ་ཁོས་བསྒྱུར། ལྷ་དབང་དང་ཚེ་ཁོས་ཞུས)