《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཁྱིམ་གཞིས་མཛེས་ཤིང་ཐོན་ལས་དར། མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད།

—— ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་མངའ་རིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་རོགས་རམ་བྱས་པ།

བོད་སྐྱོར་ལས་དོན་སྤེལ་ཚུན། ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་ཏང་ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལྟེ་བའི་དམིགས་ཚད་ལ་དམ་པོར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་གྱི་སྤྱི་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བ་ལས་བྱེད་པའི་དཔུང་ཁག་གི་ཆབ་སྲིད་ཀྱི་བྱང་ཚད་ལ་ཞིབ་བཤེར་བྱེད་པ་དང་བོད་སྐྱོར་ཕྱོགས་བསྡུས་ཞབས་འདེགས་ནུས་པ་ཆེ་རུ་གཏོང་བའི་ལྟེ་བའི་ལས་དོན་ལ་བརྩིས་ནས་མངའ་རིས་ས་ཁུལ་གྱི་དབུལ་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་ནུས་ཤུགས་ཡོད་རྒུས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་བསྐྱོད་པའི་བརྩོན་ལེན་བྱས་པ་རེད།

མངའ་རིས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་སྐུལ་འདེད་བཏང་ཞིང་། ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས་ཧྲེ་ཅ་ཀྲོང་གྲོང་ཁྱེར་དང་ཐང་ཧྲན་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕུད་པའི་ཆེད་དོན་རོགས་སྐྲུན་གྱི་མ་དངུལ་བརྩོན་ལེན་བྱས་པ་དང་། རྩྭ་མདའ་རྫོང་རྩ་ཧྲེང་གྲོང་ཚོ་དང་རུ་ཐོག་རྫོང་རུ་ཐོག་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་པའི་རྨང་གཞིའི་ཐོག་རྩྭ་མདའ་རྫོང་བྱང་རྩེ་ཤང་བྱང་རྩེ་གྲོང་ཚོ་བསྐྲུན་རྒྱུར་མགྱོགས་མྱུར་འཆར་འགོད་བཀོད་སྒྲིག་བྱས་པ་དང་མཐའ་ལུས་མཐའ་མཚམས་ཀྱི་རུ་ཐོག་རྫོང་རི་གསུམ་ཤང་ལྕགས་སྒང་གྲོང་ཚོའི་ཚོགས་ཆུང་གཉིས་པ་དང་གསུམ་པ་སོགས་ས་བབ་ཤིན་ཏུ་མཐོ་བའི་གནས་སྤོས་དང་མཐའ་མཚམས་ཞིང་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་ཁྱིམ་གཞིས་བསྐྲུན་ཡོད།

མིག་སྔར་རྩྭ་མདའ་རྫོང་རྩ་ཧྲེང་གྲོང་ཚོའི་དུད་ཚང་81གི་སྡོད་ཁང་གསར་པར་མང་ཚོགས་སྤོས་ཟིན་པ་དང་རུ་ཐོག་གྲོང་ཚོའི་དུས་ཐེངས་དང་པོའི་སྡོད་ཁང་34ཚང་མ་སྤྱིར་ན་བསྐྲུན་པ་དང་དུས་ཐེངས་གཉིས་པའི་འཆར་འགོད་ལག་བསྟར་བྱེད་བཞིན་ཡོད་པ་རེད།

ཡུལ་སྐོར་ལ་བརྟེན་ནས་མངའ་རིས་དར་རྒྱས་ཡོང་བའི་འདུ་འགོད་ལ་སྐུལ་འདེད་བཏང་ཞིང་། ཧོ་པེ་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་གིས“ཡུལ་སྐོར་དང་ཁུ་ལུར་བརྟེན་པའི”མངའ་རིས་ས་ཁུལ་གྱི་ཐོན་ལས་དམངས་ཕྱུག་འཐབ་ཇུས་གནད་སྨིན་ཇུས་འགོད་དང་ལག་བསྟར་བྱས་པ་དང་། ཧོ་པེ་ཞིང་ཆེན་གྱི་སྤུས་ལེགས་ཡུལ་སྐོར་ཁེ་ལས་ཀྱི་ཐོན་ཁུངས་དང་ཡུལ་སྐོར་འཆར་འགོད་ཚོགས་པ་ནང་འདྲེན་ཧུར་ཐག་བྱས་པ། རྒྱལ་ལམ་219གཙོ་བོར་བྱེད་པའི“མཚོ་མོ་ངང་ལྷ་དང་གུ་གེ་རྒྱལ་རབས”ཀྱི་ཡུལ་སྐོར་ལམ་ཐིག་འཆར་འགོད་དང་འོས་སྦྱོར་ངོ་སྤྲོད་བྱས་པ་མ་ཟད། ཞ་དབྱི་རོང་མཛེས་ལྗོངས་ཁུལ་གཙོ་གནད་ཐོག་གསར་སྤེལ་བྱས་ཏེ་བྱང་རྩེ་ཤང་ཡུལ་སྐོར་རྟེན་གཞི་བསྐྲུན་པ་དང་འབྲེལ། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་མངའ་རིས་ས་ཁུལ་གྱི་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་རེད།

ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་མཁོ་འདོན་བྱས་ཤིང་། རུ་ཐོག་རྫོང་ནས་ཐོན་པའི་སྤུས་ལེགས་ཁུ་ལྡན་ར་གཙོ་བོར་བྱས་ནས་ལྗོངས་ཡོངས་ཀྱི་ཁུ་ལུའི་ཐོན་ལས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་དང་སྔོག་འདོན་བྱས་པ་དང་། སྤུས་ལེགས་ཁུ་ལུའི་མ་བཅོས་རྒྱུ་ཆའི་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་བཏང་བ། ཧོ་པེ་ཞིང་ཆེན་གྱི་ཁུ་ལུའི་ཐོན་ལས་རྟེན་གཞིར་བརྟེན་ནས་ནང་སའི་ཁྲོམ་ར་རྒྱ་སྐྱེད་གཏིང་ཟབ་བཏང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་གཞོགས་འདེགས་བཅས་བྱས་ནས་འབྲོག་པའི་ཐོན་འཕར་འབབ་འཕར་ལ་སྣེ་ཁྲིད་བྱས་པ་རེད།

སློབ་གསོ་དང་སྨན་བཅོས་སོགས་དམངས་འཚོའི་འདུ་འགོད་ཀྱི་ཁ་གཏད་རོགས་སྐྱོར་ལ་འགན་ལེན་གཏིང་ཟབ་བྱས་ཤིང་། མངའ་རིས་ས་ཁུལ་དང་ལྷག་དོན་དུ་རུ་ཐོག་དང་རྩྭ་མདའ་རྫོང་གི་སློབ་གསོ་དང་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། ལྷ་ས་དང་། མངའ་རིས། ཧོ་པེ་བཅས་ཀྱི་ཆ་ཚང་སློབ་ཆུང་འཛུགས་སྐྲུན་དང་རུ་ཐོག་དང་རྩྭ་མདའ་རྫོང་གཉིས་ཀྱི་མི་དམངས་སྨན་ཁང་གི་རིམ་པ་གཏོད་འཛུགས་ལས་དོན་གཙོ་བོར་བྱས་པ། ཧོ་པེས་བསྐྲུན་པའི་རྒྱུན་རྣམ་ཅན་གྱི་ཚོགས་སྒྲིག་སློབ་གསོ་དང་སྨན་བཅོས་བོད་སྐྱོར་ལ་བརྟེན་ནས་སློབ་གསོ་དང་སྨན་བཅོས་ཀྱི་ཁ་གཏད་རོགས་སྐྱོར་གྱི་ཁྱབ་འགྱེད་ཁྱབ་ཁོངས་དེ་ལྟེ་བའི་རྫོང་གྲོང་ནས་གཞི་རིམ་གྱི་ཤང་དང་གྲོང་ཚོར་རིམ་བཞིན་ཁྱབ་པར་བྱས་པ་དང་སློབ་གསོའི་དབུལ་སྐྱོར་དང་སྨན་བཅོས་དབུལ་སྐྱོར་གྱི་གཏིང་ཚད་དང་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

འདི་ལོ་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བ་དང་རམ་འདེགས་བྱེད་པའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ནས་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པས་འབད་འབུངས་སྟོབས་བརྩོན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་བྱས་རྗེས་འཇོག་རྒྱུར་ཁྲིད་སྟོན་བྱས་ཡོད། རུ་ཐོག་དང་རྩྭ་མདའ་རྫོང་གི་འཐུང་ཆུའི་འདུ་འགོད་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་ཆུ་མཁོ་འདོན་གྱི་རྨང་གཞིའི་སྒྲིག་བཀོད་ཉམས་བཟོ་བྱས་པ་དང་། འཐུང་ཆུའི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རྫོང་གཉིས་ཀྱི་རྫོང་གྲོང་གིས་ལོ་མང་རིང་ཐག་གཅོད་མི་ཐུབ་པའི་ཆུ་མཁོ་འདོན་གྱི་གནད་དོན་ཐག་གཅོད་བྱས་པ་རེད། རྩྭ་མདའ་རྫོང་གི་ཡུལ་སྐོར་ཐོན་ལས་གསར་སྤེལ་ཤུགས་ཆེན་བྱས་ཏེ་ཞ་དབྱི་རོང་མཛེས་ལྗོངས་ཁུལ་གཙོ་གནད་ཐོག་གསར་སྤེལ་བྱས་པ་དང་མཛེས་ལྗོངས་ཁུལ་ཉེ་འགྲམ་གྱི་བྱང་རྩེ་ཤང་དུ་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་བའི་ཡུལ་སྐོར་རྟེན་གཞི་བསྐྲུན་པ་དང་ཡུལ་སྐོར་བ་འབོད་མཁན་ལ་ཁ་གསབ་བྱས་པ་དང་ཁ་གསབ་བྱེད་ཐབས་བརྒྱུད། ནང་སའི་ཡུལ་སྐོར་ལས་དོན་ཁང་དང་འབྲེལ་མཐུད་བྱེད་པའི་བྱ་ཐབས་ལག་བསྟར་བྱས་པར་བརྟེན། ནང་སའི་ཡུལ་སྐོར་བ་དེ་བས་མང་པོ་བོད་དུ་ཡུལ་སྐོར་དུ་ཡོང་བར་ཡིད་དབང་བཀུག་པ་དང་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་མ་ཟད། རྩ་ཧྲེང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་བརྟེན་ནས་ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་ཆ་ཚང་ཞིག་བཏོད་ཡོད།