《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས།

བྱ་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་གི་ཕན་འབྲས་ཆེ་རུ་བཏང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཁ་རུབ་ཆུས་ཀྱིས“སྔོན་ལ་སླ་བ་དང་རྗེས་སུ་དཀའ་བ་དང་། སྔོན་ལ་གནས་དང་རྗེས་སུ་ཁྱོན། དཔེ་སྟོན་སྣེ་ཁྲིད། གོ་རིམ་ལྡན་པའི་ངང་སྐུལ་འདེད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་རྒྱུན་མཐུད་ངང་སྤེལ་ནས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་གི་ཕན་འབྲས་ཆེ་རུ་ཏན་ཏིག་བཏང་བ་རེད།

རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་གད་སྙིགས་བསྡུ་སྐྱེལ་གཙང་སེལ་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། “དུད་ཁྱིམ་རིགས་དབྱེ་དང་། གྲོང་ཚོས་བསྡུ་རུབ། ཤང་གིས་དབོར་འདྲེན། ཁུལ་གྱིས་གཙང་སེལ”བཅས་ཀྱི་རྩ་དོན་ལྟར། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ལ་རིམ་བཞིན་སྐུལ་འདེད་བཏང་བ་དང་། སྔ་རྗེས་སུ་ཁ་རུབ་ཆུས་ཀྱི་འཚོ་བའི་གད་སྙིགས་སྦས་ས་3དང་གད་སྙིགས་དབོར་འདྲེན་ས་ཚིགས་8བསྐྲུན་ནས་ཉིན་རེར་གད་སྙིགས་གཙང་སེལ་བྱེད་ཚད་ཏུན་371ཟིན་པ་དེ་སྲིད་འཛིན་གྲོང་ཚོ་72དང་རང་བྱུང་གྲོང་ཚོ་373ལ་ཁྱབ་ཡོད། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་དབོར་འདྲེན་རླངས་འཁོར་173བཀོད་སྒྲིག་བྱས་པ་དང་། འཚོ་བའི་གད་སྙིགས་བསྡུ་རུབ་སྒྲིག་ཆས་1888བསྒར་ཡོད་པ་རེད།

ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་རྒྱུ་མཐའ་འཁྱོངས་ཀྱིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། “གནོད་པ་ཡོད་རིགས་ཁེར་འཇོག་དང་། ཚུར་བསྡུ། གཏོང་བདེ་བ”བཅས་ཀྱི་རྩ་དོན་ལྟར་རྨང་གཞིའི་ཆ་རྐྱེན་ཅུང་ལེགས་པའི་ཁ་རུབ་གྲོང་རྡལ་རྫེས་པ་གྲོང་ཚོར་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་གྱི་བེད་སྤྱོད་ཚོད་ལྟའི་ལས་དོན་སྤེལ་བ་རེད། དུས་མཚུངས་སུ་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཨར་ལས་གད་སྙིགས་འཇོག་ས་བཀོད་སྒྲིག་བྱས་པ་དང་། རིགས་དབྱེའི་གད་སྙིགས་བླུགས་སྣོད་50ལྷག་ཙམ་མཁོ་འདོན་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲའི་ཕུགས་ཕན་ལམ་སྲོལ་རིམ་བཞིན་བཙུགས་ཡོད།

འཛུགས་སྐྲུན་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་སྲུང་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས་ཤིང་། 《ཁ་རུབ་ཆུས་ཀྱི་འཚོ་བའི་གད་སྙིགས་ཉུང་གཏོང་རིགས་དབྱེའི་ལས་དོན་ལག་བསྟར་ཇུས་གཞི》དང《ཁ་རུབ་ཆུས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ཁུལ་ཆུང་གི་སྐར་གསོག་བརྗེ་སྒྱུར་ལག་བསྟར་ཇུས་གཞི》སོགས་བཟོས་ཏེ་སྒྲིག་སྲོལ་ལམ་ལུགས་ལ་བརྟེན་ནས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། ཁ་རུབ་ཆུས་ཀྱི་ཚོད་ལྟའི་སྲིད་འཛིན་གྲོང་ཚོས་གད་སྙིགས་རིགས་དབྱེ་བ་དང་ཕྱོགས་གསུམ་པའི་ཚུར་བསྡུ་ཀུང་སི་དུས་བཀག་ལྟར་སྒོ་རྩར་ཉོ་སྒྲུབ་བྱེད་པར་ཡོང་རྒྱུ་བཀོད་སྒྲིག་བྱས་པ་བརྒྱུད་བེད་སྤྱོད་ཆོག་པའི་གད་སྙིགས་སྤྱི་རྒྱ་2000ལྷག་ཙམ་ཚུར་བསྡུ་བྱས་ཡོད།