《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月16日

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་ཚོས།

གད་སྙིགས་བརྗེ་བའི་སྒོ་རྩིས་ཚོང་ཁང་བཙུགས་ཏེ་མཛེས་སྡུག་ལྡན་པའི་ གྲོང་གསེབ་བསྐྲུན་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་ཀྱི་གྲོང་གསེབ་གཞན་དང་འདྲ་བར། གད་སྙིགས་གཙང་སེལ་བྱེད་རྒྱུ་དེ་ནི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གྲོང་མདའ་གྲོང་ཚོའི་གྲོང་གསེབ་གསར་པ་འཛུགས་སྐྲུན་ཁྲོད་ཀྱི་དཀའ་ཚེགས་ཆེ་ཤོས་ཤིག་ཡིན་པ་དང་། རིགས་དབྱེ་ཐག་གཅོད་དང་ཚུར་བསྡུས་བེད་སྤྱོད་ནི་དཀའ་ཚེགས་དེ་ཐག་གཅོད་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་རེད། གྲོང་མདའ་གྲོང་ཚོས་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་དང་ཟུང་འབྲེལ་བྱས་ཏེ“གད་སྙིགས་བརྗེ་བའི་སྒོ་རྩིས་ཚོང་ཁང”བཙུགས་ནས་རིན་པ་སྤྲད་དེ་གད་སྙིགས་བསྡུ་བའི་བྱེད་སྟངས་གསར་པ་བཏོན་ནས་གྲོང་མིར་དེའི་ཁྲོད་ནས་ཕན་པ་ཐོབ་པར་བྱས་ཏེ། གྲོང་གསེབ་ཀྱི་གད་སྙིགས་བཅོས་སྒྲིག་གི་ཐབས་ལམ་གསར་པ་ཞིག་བཏོད་པ་རེད།

སྒོ་རྩིས་ཚོང་ཁང་དུ་འགྱིག་དམ་དང་། ལྕགས་ཀྲིན། ཚགས་པར་རྙིང་པ། འགྱིག་རྫས། ཤེལ་དམ་སོགས་འཚོ་བའི་གད་སྙིགས་བརྗེ་རེས་བྱེད་ཀྱི་ཡོད་པ་དང་ཆབས་ཅིག་གློག་རྫས་རྙིང་པ་དང་ཞིང་སྨན་ཤེལ་དམ་སོགས་གནོད་པ་ཡོད་པའི་གད་སྙིགས་ཀྱང་བསྡུ་ལེན་བྱས་ཏེ་ཅང་ཡིའུ་དང་། ཚུའུ། འདག་ཁུ། སོ་བཀྲུ། འདག་རྫས་སོགས་དུས་རྒྱུན་གྱི་འཚོ་བའི་མཁོ་ཆས་སོགས་བརྗེ་རེས་བྱེད་ཀྱི་ཡོད།

“གད་སྙིགས་བརྗེ་རེས་སྒོ་རྩིས་ཚོང་ཁང”གིས་རིན་པ་སྤྲད་དེ་གད་སྙིགས་བསྡུ་བའི་བྱེད་སྟངས་གསར་པ་དེས་བརྗེ་རེས་ཁྲོད་གྲོང་གསེབ་ཤེས་དཔལ་སྲོལ་གསར་བཙུགས་པས་སྣོད་བཅུད་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་བྱུང་ཡོད། སྣོད་བཅུད་ཀྱི་ཕན་འབྲས་ཐད་དེ་སྔོན་གད་སྙིགས་གང་བྱུང་དུ་དབྱུགས་པའི་གྲོང་མིའི་གོམས་གཤིས་ངན་པ་རིམ་བཞིན་དོར་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད། སྤྱི་ཚོགས་ཀྱི་ཕན་འབྲས་ཐད་ཞིང་སྨན་བླུག་སྣོད་དང་གློག་རྫས་རྙིང་པ་སོགས་བསྡུ་ལེན་བྱས་ཏེ་ཞིང་སྐྱོན་དང་། ལྕི་བའི་ལྕགས་རིགས། འགྱིག་སྙིགས་བཅས་ཉུང་དུ་བཏང་བ་མ་ཟད། གྲོང་མིའི་ཡོང་འབབ་མང་དུ་བཏང་བས་གད་སྙིགས་གཙང་སེལ་ཁྲོད་མང་ཚོགས་རང་རྟོགས་ངང་ཞུགས་པའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་རེད། དཔལ་འབྱོར་གྱི་ཕན་འབྲས་ཐད་ཕྱོགས་གཅིག་ནས་ཚུར་བསྡུས་བེད་སྤྱོད་གད་སྙིགས་ཀྱི་ཕྱིར་ཚོང་ཁེ་སྤོགས་གད་སྙིགས་བརྗེ་རེས་སྒོ་རྩིས་ཚོང་ཁང་གི་དངོས་ཟོག་ཉོ་སྒྲུབ་ཐད་སྤྱད་པ་དང་། ཕྱོགས་གཞན་ཞིག་ནས་སྒོ་རྩིས་ཚོང་ཁང་གི་གད་སྙིགས་བསྡུ་ལེན་གྱི་ལས་ཕྱོད་དེ་གྲོང་གསེབ་ཀྱི་གཙང་སྦྲ་བ་3གླས་པ་དང་གཅིག་མཚུངས་ཡིན་ཀྱང་། འགྲོ་སོང་དེ་གཙང་སྦྲ་བ་1དང་འདྲ་པོ་ཡིན་པས“དངུལ་ཕྲན་ཙམ་བཏང་ནས་དོན་ཆེན་བསྒྲུབ་པའི”དམིགས་ཚད་མངོན་འགྱུར་བྱུང་བ་རེད།