《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月15日

ངས་ནམ་ཡང་བརྗེད་པར་དཀའ་བའི་པན་ཀྲང་ཚེ་རྣམ།

འདི་ནི་དུས་དེབ་ཀློག་བཞིན་པའི་སྙིང་བྱམས་ཡིན་པ།

མི་སྣ་ངོ་སྤྲོད།

སྙིང་བྱམས། ཕོ། བོད་རིགས། 1940ལོར་སྐྱེས། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་མང་རྫོང་ནས་ཡིན། 1950ལོར་དམག་དཔུང་ལ་ཞུགས་པ། 1950ལོ་དང་1951ལོར་བཀའ་ལྟར་དམག་དཔུང་དང་མཉམ་དུ་མཚོ་སྔོན་ནས་བོད་དུ་བསྐྱོད། 1952ལོ་ནས་1957ལོ་བར་བོད་ལས་དོན་ཨུ་ལྷན་གཞིས་རྩེ་ཡན་ལག་ལས་དོན་ཨུ་ལྷན་དྲིལ་བསྒྲགས་རུ་ཁག་ཏུ་ལས་ཀ་བྱས། 1957ལོ་ནས་1959ལོ་བར་བོད་ལྗོངས་སྤྱི་སློབ(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན་ཡིན་པ)ཏུ་སློབ་སྦྱོང་བྱས། 1960ལོ་ནས་1963ལོ་བར་བཅིངས་འགྲོལ་དམག་བརྒྱད་གཅིག་གློག་བརྙན་བཟོ་གྲྭས་བོད་ཀྱི་ལོ་རྒྱུས་དངོས་མཚོན་གློག་བརྙན་པར་ལེན་བྱེད་པའི་ལས་དོན་ལ་ཞུགས་པ། 1965ལོར་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་གྲབས་འཛུགས་ལས་དོན་ལ་ཞུགས། 1985ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཙུགས་ནས་བོད་ཀྱི་བརྙན་འཕྲིན་གསར་འགོད་པ་ཁག་དང་པོར་གྱུར། 2012ལོར་སྙིང་བྱམས་དངོས་སུ་རྒན་ཡོལ་ཞུས། ད་ཆ་ཁྲེང་ཏུའུ་རུ་ཡོད།

ང་དམག་མིར་ཞུགས་སྐབས་ལོ་བཅུ་གཅིག་ཡིན་པས་དཔུང་སྡེའི་ནང་གི་དམག་མི་ཆུང་ཤོས་དེ་ཡིན།

1950ལོའི་ཟླ་11པར། ཟླ་བརྒྱད་ཙམ་གྲ་སྒྲིག་བྱས་པ་བརྒྱུད་ང་ཡོད་སའི་ནུབ་བྱང་དམག་ཁུལ་གྱི་བོད་སྡོད་དཔུང་སྡེའི་རིག་རྩལ་ལས་དོན་རུ་ཁག་ཀྱང་དམག་དཔུང་དང་མཉམ་དུ་བོད་དུ་བསྐྱོད། ང་ཚོ་འགྲོ་སའི་ལམ་ཐིག་ནི་མཚོ་བོད་ལམ་ཐིག་རེད། ང་ཚོ་མཚོ་སྔོན་ནས་བོད་ལ་རྐང་ཐང་མར་བསྐྱོད་པ་ཡིན་ལ། གདང་ལ་ཡང་རྐང་ཐང་མར་བརྒལ་བ་ཡིན།

དགུན་དུས་སུ་ས་མཐོར་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་། དེས་མ་ཚད་འགྲོ་ལམ་ཡག་པོ་མེད། མི་རེ་རེས་ཁྱི་པགས་ཀྱི་ཉལ་གདན་དང་། ཀམ་པ་ལི། རྐུབ་སྟེགས་ཆུང་ངུ་སོགས་རྡོག་ཆས་ཁྱེར་ནས་ཉིན་ལྟར་སྤྱི་ལེ་20ཙམ་གྱི་རི་ལམ་ཐོག་བསྐྱོད་དགོས་པས་ལམ་བར་དུ་དཀའ་ཚེགས་ཆེན་པོ་བྱུང་།

ཞིང་སྡེ་གྲོང་རྡལ(མཚོ་སྔོན་ཞིང་ཆེན་ཏུའུ་ལན་རྫོང་དུ་གནས་པ)ནས་ཁུ་ནུ་རི་བོ་བརྒལ་ཏེ་ཉིན་བཅུ་ལྷག་ཙམ་སོང་ཞིང་། སྐབས་དེ་དུས་དཔུང་སྡེས་ང་ཚོ་མི་ཚང་མར་རྟ་རེ་སྤྲད་བྱུང་། འོན་ཀྱང་མཇུག་གི་ལམ་བར་དུ་ང་ཚོས་སྤྱིའི་ཆ་ནས་རྟ་བཞོན་མེད།

ང་ཚོའི་པན་གྱི་པན་ཀྲང་མིང་ལ་ཚེ་རྣམ་ཟེར་བ་དང་བོད་རིགས་བློ་མཐུན་ཞིག་རེད། པན་ཀྲང་གཞོན་པ་ཤིན་ཁྲེན་ཧུང་ནི་རྒྱ་རིགས་བློ་མཐུན་ཞིག་ཡིན། ཁོང་གཉིས་ཀྱིས་རེས་མོས་བྱས་ནས་ང་ལ་ལྟ་རྟོག་བྱས་བྱུང་། ངའི་རྡོག་ཆས་ཁོང་གཉིས་ཀྱིས་འཁུར་བ་དང་། ང་འགྲོ་མི་ཐུབ་པའི་སྐབས་སུ་ཁོང་གཉིས་ཀྱིས་རེས་མོས་བྱས་ནས་ང་རྒྱབ་ཏུ་འཁུར་བྱུང་། མཐའ་མ་གོམ་པ་སྤོ་མི་ཐུབ་པའི་སྐབས་སུ་རྟ་བཞོན་གྱི་ཡོད།

མཚན་མོ་འདྲེད་བརྡར་ཤོར་ནས་ཤི་རྨས་ཀྱི་གནས་ཚུལ་མ་ཐོན་པ་བྱ་ཆེད་ང་ཚོས་སྤྱིར་ན་དཔུང་སྐྱོད་བྱེད་ཀྱི་མེད། མཚན་མོ་ཚང་མས་ལྕི་བ་འབུད་ནས་དྲོད་ལེན་པ་དང་ལྟོ་ཆས་བཟོ་གི་ཡོད། དང་ཐོག་ང་ཚོར་འབྲས་དང་། གྲོ་ཞིབ། ཚགས་ཤ་སྐམ་པོ་བཟའ་རྒྱུ་ཡོད། དེ་ནས་རིམ་བཞིན་འཚོ་བའི་མཁོ་ཆས་ཆད་སོང་། རླུང་རྟ་རྒྱུག་པའི་སྐབས་སུ་སྔོ་ཚོད་ཁ་ཤས་སྔོག་རྒྱུ་ཡོད་ཀྱང་མང་ཆེ་བའི་སྐབས་སུ་ཚང་མ་གྲོད་ཁོག་སྟོང་པར་དཔུང་སྐྱོད་བྱེད་ཀྱི་ཡོད། དེའི་སྐབས་སུ་ང་ཚོར་ཉིན་གཅིག་ལ་ལྟོ་དུས་གཅིག་ལས་མེད། ངལ་དུབ་ཆེ་བ་དང་། གསོ་རླུང་དཀོན་པ། བཀྲེས་ལྟོགས་ཀྱིས་མནར་བ་བཅས་ལས་ང་ཚོའི་འཐབ་གྲོགས་མང་པོ་དཔུང་རུའི་རྗེས་མ་ཟིན་པ་དང་ཐ་ན་ཚེ་སྲོག་ཤོར་ཡོད།

གདང་ལའི་རྩེ་རུ་སླེབས་སྐབས་ངའི་དྲན་པ་གསལ་པོ་མེད་པར་གྱུར། ཉིན་ཞིག་པན་ཀྲང་ཚེ་རྣམ་གྱིས་ང་རྒྱབ་ཏུ་འཁུར་སྐབས་གློ་བུར་དུ་མདུན་ལ་ཁ་སུག་ལོག དེ་ནས་མགོ་ནས་ཁྲག་དམར་ཐོན་ཏེ་ངོ་གདོང་ཕྱེད་ཀ་ཙམ་འགྲིབ་པ་དང་མཆུ་ཏོ་དམར་སྨུག་ཏུ་གྱུར། པན་ཀྲང་ཁ་སུག་ལོག་ནས་ཉིན་ཕྱེད་ཙམ་སོང་རྗེས་གཞི་ནས་དྲན་པ་གསོས། ཁོང་གིས་པན་ཀྲང་གཞོན་པ་བོས་ནས“ཕྲུ་གུ་དེ་ང་ཚོའི་ཁྲོད་ནས་ཆུང་ཤོས་ཡིན་པས་དབུ་ཁྲིད་ཀྱིས་ཕྲུ་གུ་དེ་ངེས་པར་དུ་ལྷ་སར་ཁྲིད་ཐུབ་པ་བྱེད་དགོས་པའི་བཀའ་མངགས་གནང་བྱུང་། ཕྱིས་སུ་ཁྱེད་ཚོས་ཕྲུ་གུ་དེར་ལྟ་རྟོག་ཡག་པོ་བྱེད་རོགས། དེ་ནི་ངའི་བཀའ་ཡིན”ཞེས་བཤད། དེ་ནས་པན་ཀྲང་གིས་ང་ལ་བལྟས་ནས“ང་ཕྲན་ཙམ་ངལ་གསོ་རྒྱག་གི་ཡིན། ཁྱེད་ཚོ་སྔོན་ལ་འགྲོ་རོགས། ངས་རྗེས་སྙེག་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད་བྱུང་།

དེ་ནས་ངས་ཟ་རི་ཟི་རིའི་ངང་ནས་པན་ཀྲང་གཞོན་པའི་རྗེས་དེད་ནས་བསྐྱོད་པ་ཡིན། གདང་ལ་བརྒལ་རྗེས་སྒར་སར་ངས་པན་ཀྲང་གཞོན་པར“པན་ཀྲང་རྒན་པ་གང་དུ་ཕྱིན་སོང་། ད་དུང་མཐོང་སར་མི་འདུག”ཅེས་དྲིས་པ་ཡིན། སྐབས་དེར་པན་ཀྲང་གཞོན་པས“པན་ཀྲང་རྒན་པ་ཁོང་སྐུ་གཤེགས་སོང”ཞེས་བཤད་བྱུང་།

པན་ཀྲང་རྒན་པ་ང་ཚོ་དང་ཁ་བྲལ་བ་དེ་ནི་ངའི་ཚེ་གང་རིང་གི་གནོངས་འགྱོད་ཆེ་ཤོས་དེ་ཡིན། ཁོང་སྐུ་གཤེགས་སྐབས་ལོ་19སླེབས་ཙམ་རེད། གདང་ལ་བརྒལ་བའི་ལམ་དེར་ངས་ཐེངས་མང་བསྐྱོད་པ་ཡིན། འོན་ཀྱང་པན་ཀྲང་ཚེ་རྣམ་གྱི་ལྷ་སར་སླེབས་པ་བྱེད་པའི་ཁ་ཆད་དེ་ནམ་ཡང་སྒྲུབ་ཐུབ་མ་སོང་།

སྐབས་དེ་དུས་ཚང་མར་བསམ་ཚུལ་གཞན་དག་མེད། ཚང་མས་སྡུག་རུས་བྱས་ནས་ལྷ་སར་འབྱོར་ན་རྒྱལ་ཁ་ཐོབ་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནས་བོད་དུ་སླེབས་རྗེས་ངས་བློ་གཅིག་སེམས་གཅིག་གིས་བོད་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་ཞུགས་པ་ཡིན།

1960ལོར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་བཅིངས་འགྲོལ་དམག་བརྒྱད་གཅིག་གློག་བརྙན་བཟོ་གྲྭ་བོད་དུ་སླེབས་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཇི་མ་ཇི་བཞིན་བརྗོད་པའི་དངོས་མཚོན་གློག་བརྙན་ཆེ་གྲས་ཤིག་པར་ལེན་བྱས་པ་དང་། ངས་ཁོང་ཚོར་སྐད་སྒྱུར་བྱས་པ་ཡིན། གློག་བརྙན་དེ་པར་ལེན་བྱེད་པར་ཁྱོན་བསྡོམས་ལོ་3འགོར་བ་དང་། སྐབས་དེ་དུས་རྒྱལ་ཁབ་དཀའ་ངལ་ཆེ་བའི་དུས་ཡིན་ཡང་རྒྱལ་ཁབ་ཀྱིས་སྔར་བཞིན་མ་དངུལ་འབོར་ཆེན་བཏང་ནས་དངོས་མཚོན་གློག་བརྙན་དེ་པར་ལེན་བྱས་ཏེ་མེས་རྒྱལ་གྱིས་བོད་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་པར་བྱས་ཡོད། གློག་བརྙན་དེ་ད་ཆ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཉར་ཚགས་བྱས་ཡོད།

1985ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བཙུགས་རྗེས། ང་རང་བརྙན་འཕྲིན་གསར་འགོད་པ་ཁག་དང་པོའི་གྲས་སུ་གྱུར་བ་དང་། ངས་བོད་དུ་ལས་ཀ་བྱས་ནས་དུས་རབས་ཕྱེད་ཀ་ཙམ་ཕྱིན་སོང་། ང་རང་ཡང་ས་ཆ་དེར་ཧ་ཅང་དགའ་པོ་ཡོད་ལ། ས་ཆ་དེ་ལས་བྱུང་བའི་རིག་གནས་ལའང་ཧ་ཅང་དགའ་པོ་ཡོད། རིག་གནས་དེ་དག་ལས་བོད་ཀྱི་ངོ་མཚར་ཆེ་ཞིང་ཁྱད་དུ་འཕགས་པའི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་བཏོད་ཡོད།