《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་མི་དམངས་དངུལ་ཁང་གི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་12ཉིན་གནས་ཚུལ་འབྱོར་གསལ། ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་མི་དམངས་དངུལ་ཁང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཞུས་ཅ་ཨའེ་ཡིས་སྣེ་ཁྲིད་པའི་བོད་སྐྱོད་བརྟག་ཞིབ་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ་རེད།

ཅང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ཞུས་ཅ་ཨའེ་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ། མི་དམངས་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

ཅང་ཅེས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། དངུལ་རྩའི་སྲིད་ཇུས་ཚུད་པའི་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་ལུགས་གང་ལེགས་མཚོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོའི་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་འཐབ་ཇུས་གནས་བབ་གང་ལེགས་མངོན་ཡོད། ཞུས་ཅ་ཨའེ་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པ་དེ་ཐོག་ནས་མི་དམངས་དངུལ་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་བྱ་སྤྱོད་ཀྱི་རང་རྟོགས་གང་ལེགས་མཚོན་ཡོད། སླད་ཕྱིན་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་འཛུགས་སྐྲུན་དང་། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ཀྱི་འཕེལ་རྒྱས། མཐའ་བརྟན་བོད་བརྟན་སོགས་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དངུལ་རྩའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་རྒྱུན་བཞིན་མཐོང་ཧ་ཅང་ཆེན་པོ་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུ་དང་། མི་དམངས་དངུལ་ཁང་དང་དེ་བཞིན་བོད་སྡོད་དངུལ་རྩའི་སྒྲིག་གཞི་ཁག་ལ་ཆ་རྐྱེན་བཟང་པོ་ཧུར་ཐག་བསྐྲུན་ཏེ། དངུལ་རྩའི་ལས་རིགས་འཕེལ་རྒྱས་ལ་ཚད་བརྒལ་གསར་པ་དང་མཆོང་སྐྱོད་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞུས་ཅ་ཨའེ་ཡིས་མི་དམངས་དངུལ་ཁང་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་བོད་སྡོད་དངུལ་རྩའི་སྒྲིག་གཞིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་འཐབ་ཇུས་བཀོད་སྒྲིག་དེ་ཞིབ་ཕྲའི་ལས་དོན་གྱི་བཀོད་སྒྲིག་ལ་འགྱུར་བ་བྱེད་པ་དང་། ལྷག་པར་དུ་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། སྣོད་བཅུད་ཁོར་ཡུག མཐའ་བརྟན་མཐའ་དར་སོགས་ཁྱབ་ཁོངས་ལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)