《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月14日

རྩལ་ནུས་གསོ་སྦྱོང་ལ་བརྟེན་ནས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་བཏང་བ།

—— བསོད་ནམས་བཟའ་ཚོའི་དབུལ་སྒྲོལ་གཏམ་རྒྱུད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཅན་དང་སྐལ་བཟང་རྣམ་རྒྱལ།

ལས་ཀ་བྱེད་ས་དེ་སྔོན་མའི་ཞིང་ཁ་དང་འབྲོག་ར་ནས་ཨར་པོ་རྒྱག་ཡུལ་བར་དང་། དེ་ནས་ད་ཆའི་དེང་རབས་ཅན་གྱི་བཟོ་གྲྭའི་བར་དུས་ཐུང་ལོ་གསུམ་རིང་བསོད་ནམས་ཀྱི་རྩལ་ནུས་ཇེ་ཆེར་ཕྱིན་ཡོད།

འདི་ལོ་ལོ་45ལ་སླེབས་པའི་བསོད་ནམས་ཀྱི་ཁྱིམ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། 2018ལོར་ནང་མི་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད་སྡོད་ཁང་གསར་པར་སྤོས། ཁང་པ་གསར་པར་སྤོས་རྗེས་ཞིང་ཁ་དང་འབྲོག་ར་བཟའ་ཟླ་སྐྱིད་པར་གཡོག་བྱེད་བྱེད་རྒྱུར་རྩིས་སྤྲད་ཅིང་། བསོད་ནམས་རང་ཉིད་བཞད་མཐོང་སྨོན་རྫོང་གིས་སྒྲིག་འཛུགས་བྱས་པའི་ཞལ་དཔོན་གྱི་གསོ་སྦྱོང་བརྒྱུད། ཨར་པོ་བ་ཞིག་ཏུ་གྱུར་ནས་ཨར་ལས་རུ་ཁག་དང་མཉམ་དུ་ནག་ཆུ་དང་མངའ་རིས་སོགས་སུ་ལས་ཀ་བྱེད་པར་བསྐྱོད།

“སྐབས་དེ་དུས་ལོ་རེའི་ལས་མི་བྱེད་པའི་དུས་ཚོད་ཟླ་བ་གཉིས་གསུམ་ཙམ་ལས་མེད་ཀྱང་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་རག་གི་ཡོད། ཞིང་བྲེལ་སྐབས་སུ་ང་ད་དུང་ལས་ཡུལ་ནས་ནང་ལ་ལོག་འགྲོ་དགོས”ཞེས་བསོད་ནམས་ཀྱིས་བཤད།

དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། བཞད་མཐོང་སྨོན་རྫོང་གིས་བོད་སྐྱོར་མ་དངུལ་དང་། དབུལ་སྐྱོར་ཆེད་དོན་མ་དངུལ། ཐོན་ལས་འཕེལ་རྒྱས་མ་དངུལ་བཅས་བསྡུ་སྒྲིལ་བྱས་ནས་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2019ལོར་མ་དངུལ་བསྡོམས་སྒོར་དུང་ཕྱུར་1.5བཏང་བའི་ཇོ་མོ་གླང་མའི་མཐོང་བ་དགའ་ཡི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། མིག་སྔར་བསོད་ནམས་ཁྱིམ་དང་བར་ཐག་སྤྱི་ལེ་2ལས་མེད་པའི་བཟོ་གྲྭ་དེར་ལས་ཀ་བྱེད་ཀྱི་ཡོད།

བཟོ་གྲྭ་དེར་སླེབས་ཐེངས་དང་པོའི་གྲས་ཡིན་པའི་དུད་ཚང་དབུལ་པོ་ཞིག་གི་ངོས་ནས། ཟླ་བ་གསུམ་ལྷག་ཙམ་གསོ་སྦྱོང་བྱས་པ་བརྒྱུད། བསོད་ནམས་ཀྱིས་སྦང་རྒྱུ་དང་། སྦྱོར་རྒྱུ། བསྲེས་རྒྱུ་སོགས་ཀྱི་གོ་རིམ་ནས་སློབ་སྦྱོང་བྱེད་འགོ་ཚུགས་ཏེ། ལག་རྩལ་གྱི་ཚད་གཞི་ཅུང་མཐོ་བའི་སོན་འདེབས་དང་སྐྱེད་སྲིང་སོགས་ཀྱི་ལྷུ་ཚིགས་སུ་སླེབས་ནས་ཟླ་རེའི་གླ་ཆ་ཡང་མིག་སྔའི་སྒོར་4000ལྷག་ཙམ་བར་འཕར་ཡོད།(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ཇོ་མོ་གླང་མ་མཐོང་བ་སྤྲོ་དགའི་སྐྱེ་དངོས་ཚན་རྩལ་དཔེ་སྟོན་གླིང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོང་མིང་ཧྥུང་གིས། མིག་སྔར་ཀུང་སིས་ཐོན་སྐྱེད་བྱས་པའི་ཤ་མོའི་རིགས་ཀྱིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་59ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། གཞན་ཡང་ད་དུང་ཀུང་སིས་རྩལ་ནུས་གསོ་སྦྱོང་ལྟེ་གནས་བཙུགས་ནས། ས་གནས་དེ་གའི་མི་སེར་ལ་གསོ་སྦྱོང་བྱས་པ་དང་ཤ་མོའི་ཁུག་མ་སྤྲད་དེ། ཁོང་ཚོའི་ཁྱིམ་དུ་འདེབས་གསོ་བྱེད་དུ་བཅུག་པ་དང་། འདི་ལོའི་ལོ་སྟོད་དུ་ཤ་མོའི་ཁུག་མ་སྤྲོད་པའི་གྲངས་འབོར་ཁྲི་20ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

མིག་སྔའི་བར་བཟོ་གྲྭ་དེས་གསོ་སྦྱོང་ཁག་ཐེངས་5བྱས་ནས། སློབ་མ་500ལྷག་ཙམ་ལ་ཁྱབ་པ་དང་། གསོ་སྦྱོང་སློབ་ཚན་ནང་འདེབས་འཛུགས་ལས་རིགས་དང་། དྲ་ཐོག་ཚོང་དོན། ཚན་རྩལ། གནམ་གཤིས་སོགས་ཀྱི་ནང་དོན་ཚུད་ཡོད། བསོད་ནམས་ཀྱི་བཟའ་ཟླ་སྐྱིད་པའང་གསོ་སྦྱོང་ནང་ཐེངས་མང་ཞུགས་མྱོང་ཡོད། རྫོང་ཡོངས་སུ་བཟའ་བྱའི་ཤ་མོ་འདེབས་འཛུགས་ནང་ཞུགས་མཁན་ཞིང་དུད་800ལྷག་ཙམ་ཟིན་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་561ཡོད་པ་རེད།

ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ་དེས་མི་སེར་དེ་བས་མང་བར་ཕན་པ་ཐོབ་རྒྱུ་ཡིན་ཞིང་། འཆར་འགོད་ལྟར་ན། ཀུང་སིའི་ཕྱི་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་3600ལྷག་ཙམ་ཟིན་ནས། མི་170ཡི་ལས་ཞུགས་གནད་དོན་ཐད་ཀར་ཐག་གཅོད་ཐུབ་སྟེ། མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་རྒྱུ་རེད།

རྩལ་ནུས་གསོ་སྦྱོང་དང་ཐོན་ལས་དབུལ་སྐྱོར་གྱི་ཟུང་འབྲེལ་བྱ་ཐབས་གངས་ལྗོངས་ས་མཐོའི་ས་གནས་ཁག་ཏུ་མུ་མཐུད་སྤེལ་བཞིན་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། བོད་ཀྱིས་འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས། ལས་སྣོན་ལས་རིགས་སོགས་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་ནས་ཐོན་ལས་དབུལ་སྐྱོར་ལ་མུ་མཐུད་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། འདི་ལོའི་ཟླ་7པའི་ཟླ་མཇུག་བར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2871ལག་བསྟར་བྱས་པར། ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་428དོན་འཁྱོལ་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་23.8དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱས་ཡོད་པ་རེད།

(པ་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)