《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月07日

“དཔེ་འཛར་ལྗང་གུའི་བྱ་སྤྱོད”ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “འཆལ་རྡུང་ལོག་སེལ·མྱུག་སྐྱོང2020”ཡི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད་པའི་རིག་གནས་ཁོར་ཡུག་བཟང་པོ་ཤུགས་ཆེན་བསྐྲུན་པ་དང་། རྒྱ་ཆེའི་དགེ་སློབ་ཚོས་པར་རྫུས་མི་ཉོ་བ་དང“འཆལ་རྡུང་ལོག་སེལ”ནང་ཞུགས་པར་སྐུལ་སློང་བྱེད་པ། ཤེས་བྱ་དང་གསར་རྩོམ་ལ་བརྩི་འཇོག་གི་ཁོར་ཡུག་ལེགས་པོ་གཏོད་པ་བཅས་བྱ་ཆེད། ཉེ་ཆར“ལོ་ཆུང་བྱིས་པའི་བདེ་ཐང་འཚར་ལོངས་ལ་རོགས་རམ་གྱིས་ཕན་མེད་ཀྱི་དཔེ་སྐྲུན་དངོས་པོ་དང་ཆ་འཕྲིན་འགོག་པ”བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་བོད་རང་སྐྱོང་ལྗོངས་ཀྱི“དཔེ་འཛར་ལྗང་གུའི་བྱ་སྤྱོད”ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་ལྷ་ས་གྲོང་ཁྱེར་དམའ་འབྲིང་བཞི་པར་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་ནི་རང་སྐྱོང་ལྗོངས“འཆལ་རྡུང་ལོག་སེལ”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་འབྲེལ་ཡོད་ལས་དོན་མི་སྣས་སློབ་གྲྭའི་དགེ་སློབ་ཚོར་དཔེ་འཛར་ལྗང་གུ་སྤྲད་པ་མ་ཟད། བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་དང་ལོ་ཆུང་བྱིས་པའི་དཔེ་སྐྲུན་དངོས་པོ་ཕུལ་བྱུང་ལག་རྟགས་སུའང་སྤྲད་དེ“འཆལ་རྡུང་ལོག་སེལ”གྱི་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དྲིས་ལན་གཉེར་ཡོད། དེ་རྗེས་བྱེད་སྒོའི་ནང་ཞུགས་པའི་དགེ་སློབ་ཚོས་མཉམ་དུ་དྲ་བའི་བདེ་འཇགས་བརྙན་ལམ་སློབ་ཚན་ལྟ་ཉན་བྱས་པ་རེད།

ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་གནས་བདེ་འཇགས་ལྟ་འདོམས་ཁྲུའི་ཁྲུའུ་ཀྲང་ཟླ་བ་ནོར་བུས“ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི‘དཔེ་འཛར་ལྗང་གུའི’དྲིལ་བསྒྲགས་དེ་གཞོན་ནུ་ལོ་ཆུང་གི་ཁྲོད་དེ་བས་ལེགས་པའི་སྒོ་ནས་ཁྱབ་པར་བྱས་ཏེ‘ལྗང་མདོག་ལྟ་ཀློག་དང་ཤེས་དཔལ་དྲ་ཞུགས’ཀྱི་འདུ་ཤེས་གཙོ་བོ་དར་སྤེལ་ཤུགས་ཆེན་གཏོང་བ། གཞོན་ནུ་ལོ་ཆུང་དག་ལ་ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་ཡག་པོ་འཇགས་པ་དང་། རང་འགུལ་ངང་རིག་གནས་ཀྱི་གད་སྙིགས་གཏན་འགོག་དང་རྒྱང་དུ་བསྐྱུར་ནས་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་ལེགས་པོ་ཞིག་མཉམ་དུ་བསྐྲུན་རྒྱུ་དེ་ཡིན”ཞེས་བཤད།

“དཔེ་དེབ་ཡག་པོ་ནི་གྲུ་གཟིངས་ཤིག་དང་འདྲ་བར་ང་ཚོ་གུ་དོག་པའི་མཚོ་ངོཌ་ནས་མཐའ་ཡས་པའི་རྒྱ་མཚོར་འདྲེན་ཐུབ། པར་རྫུས་འགོག་པ་དང་པར་དངོས་ལ་རྒྱབ་སྐྱོར་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཡིན། ང་ཚོས་ལག་གདང་སྦྲེལ་བ་དང་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་རང་ཉིད་ཀྱི་ལག་ལེན་དངོས་ལ་བརྟེན་ནས་ཤེས་དཔལ་རྒྱུན་འཛིན་གྱིས་བྱམས་བརྩེ་དང་མཛེས་སྡུག་བརྒྱུད་སྤེལ་བྱེད་འདོད་ཡོད”ཅེས་ལྷ་ས་གྲོང་ཁྱེར་དམའ་འབྲིང་བཞི་པའི་ལོ་རིམ་གཉིས་པའི་སློབ་མ་བསྟན་འཛིན་ཆོས་སྒྲོན་གྱིས་བཤད།