《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月07日

བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་སྲོལ་ཡིག

(2020ལོའི་ཟླ་3ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གྲོས་འཆམ་བྱུང་བ)

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

[2020]ཨང་2པ།

《བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་སྲོལ་ཡིག》འདི་2020ལོའི་ཟླ་3ཚེས་27ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན། ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས། 2020ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུའི་ཆེད་དོན་སྤྱི་བསྒྲགས་སྤེལ་རྒྱུ་ཡིན།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

2020ལོའི་ཟླ་3ཚེས་31ལ།

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང“སློབ་གསོ་སྟོབས་ཆེའི་རྒྱལ་ཁབ”སྐོར་གྱི་གལ་ཆེའི་རྒྱས་བཤད་ལག་བསྟར་གཏིང་ཟབ་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པར་མི་ཅི་འདྲ་ཞིག་གསོ་སྐྱོང་བྱེད་རྒྱུ་དང་། ཇི་ལྟར་བྱས་ནས་གསོ་སྐྱོང་བྱེད་རྒྱུ། སུའི་ཆེད་དུ་གསོ་སྐྱོང་བྱེད་རྒྱུ་བཅས་ཀྱི་རྩ་བའི་གནད་དོན་འདིར་དམིགས་ཏེ་མི་བཟང་གསོ་སྐྱོང་བྱེད་རྒྱུའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ་དང་། སློབ་གསོའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་། དེ་བཞིན་རྒྱལ་ཁབ་ཀྱི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་ལག་ལེན་མཐར་ཕྱིན་པ་བསྟར་རྒྱུར་འགན་སྲུང་བྱེད་པ། སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས། སློབ་གསོ་དྲང་གཞག་ཡོང་བར་སྐུལ་འདེད་དང་། སློབ་གསོའི་བྱ་གཞག་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་ཡོང་བར་སྐུལ་སྤེལ། སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་བཅས་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོའི་བཅའ་ཁྲིམས》དང་《སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་སྲོལ་ཡིག》 དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

དོན་ཚན་གཉིས་པ། སྲིད་འཛིན་ས་ཁོངས་དེ་གའི་ནང་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ཀྱི་རིམ་རིགས་ཁག་གི་སློབ་གསོར་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུའི་ཐད་སྲོལ་ཡིག་འདི་སྤྱད་ན་འཐུས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུར་གཤམ་གསལ་གྱི་ནང་དོན་ཁག་ཚུད་ཡོད་པ་སྟེ།(གཅིག)རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་འོག་རིམ་མི་དམངས་སྲིད་གཞུང་ནས་སློབ་གསོའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་རྒྱལ་ཁབ་ཀྱི་སློབ་གསོའི་མཛད་ཕྱོཌ་སྲིད་ཇུས་བཅས་དོན་འཁྱོལ་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་དང་། (གཉིས)རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ནས་སློབ་གསོའི་འཁྲི་འགན་འཁུར་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ། (གསུམ)རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སློབ་གྲྭ་དང་སློབ་གསོའི་ལས་ཁུངས་གཞན་དག(གཤམ་དུ་སྤྱི་མིང་ལ་སློབ་གྲྭ་ཞེས་བརྗོད་རྒྱུ)གི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་བཅས་སོ།

དོན་ཚན་གསུམ་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ཁག་མཐའ་འཁྱོངས་བྱེད་དགོས་པ་སྟེ། (གཅིག)ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་རྒྱུ་དང་། (གཉིས)སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ་མི་བཟང་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་རྒྱུ། (གསུམ)སློབ་གསོའི་ཐད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་རྒྱལ་ཁབ་ཀྱི་སློབ་གསོའི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་སྲིད་ཇུས་བཅས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་རྒྱུ། (བཞི)སྲིད་གཞུང་གིས་སློབ་གསོའི་ལས་དོན་དང་འབྲེལ་བའི་འཁྲི་འགན་འཁུར་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་དང་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་གཉིས་གལ་ཆེ་མཉམ་འཛིན་བྱེད་རྒྱུ་དང་། ལྟ་སྐུལ་བྱེད་རྒྱུ་དང་མཛུབ་ཁྲིད་བྱེད་རྒྱུ་གཉིས་གལ་ཆེ་མཉམ་འཛིན་བྱེད་རྒྱུ། (ལྔ)དངོས་ཐོག་བདེན་འཚོལ་དང་དངོས་ཡོད་དྲང་གཞག་བྱེད་རྒྱུ།(དྲུག)རིམ་དབྱེའི་ཐོག་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ་དང་ལས་བགོས་ཀྱིས་འགན་འཁུར་རྒྱུ་བཅས་སོ།

དོན་ཚན་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་དང་ལྟ་སྐུལ་མཛུབ་ཁྲིད་དཔུང་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགྲོ་གྲོན་རྣམས་ནོར་སྲིད་ཀྱི་སྔོན་རྩིས་ཁོངས་སུ་བཅུག་སྟེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་རྒྱུན་གཏན་ལྟར་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

དོན་ཚན་ལྔ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག རང་ཚུགས་ངང་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་ནུས་བསྒྲུབ་རྒྱུ་དང་། སྲིད་འཛིན་ས་ཁོངས་དེ་གའི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་ཀའི་འགན་འཁུར་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་གཤམ་འོག་ཏུ་གཞུང་ལས་ཁང་བཙུགས་ཏེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་རྒྱུན་གཏན་ལས་དོན་སྒྲུབ་འགན་འཁུར་རྒྱུ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དང་དེའི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་གཞུང་ལས་ཁང་གི་སྤྱི་མིང་དུ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཞེས་བརྗོད་རྒྱུ།

དོན་ཚན་དྲུག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འཁྲི་འགན་ལ་གཞིགས་ཏེ་ཐུན་མོང་ཐོག་སློབ་གསོའི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

དོན་ཚན་བདུན་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ཁྱིམ་བདག་དང་། དགེ་རྒན། སྤྱི་ཚོགས་ཀྱི་སྤྱི་དམངས། དེ་བཞིན་སྤྱི་ཚོགས་ཀྱི་རྩ་འཛུགས་བཅས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱེད་དགོས།

ལེའུ་གཉིས་པ། སློབ་སྐུལ་པ།

དོན་ཚན་བརྒྱད་པ། རང་སྐྱོང་ལྗོངས་ཀྱིས་སློབ་སྐུལ་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། སློབ་སྐུལ་པ་ནི་ཆེད་བསྐོས་སློབ་སྐུལ་པ་དང་གཅིག་ལྕོགས་སློབ་སྐུལ་པ་གཉིས་སུ་དབྱེ་ཡོད། ཆེད་བསྐོས་སློབ་སྐུལ་པ་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ལས་གནས་འཛིན་པའི་ཆ་རྐྱེན་དང་། དབང་ཚད། ལས་རིམ་བཅས་གཞིར་བཟུང་། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་བསྐོ་འཐེན་བྱེད་རྒྱུ། གཅིག་ལྕོགས་སློབ་སྐུལ་པ་དེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཀའི་དགོས་མཁོ་གཞིར་བཟུང་། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་གདན་ཞུས་བསྐོ་གཞག་བྱེད་རྒྱུ། གཅིག་ལྕོགས་སློབ་སྐུལ་པའི་འགན་ཡུན་ལོ་གསུམ་ཡིན་ཞིང་། བསྟུད་མར་ལས་གནས་འཛིན་ཆོག་མོད། ཡིན་ཡང་བསྟུད་མར་ལས་གནས་འཛིན་ཡུན་ཐེངས་གསུམ་ནས་བརྒལ་མི་ཆོག གཅིག་ལྕོགས་སློབ་སྐུལ་པར་སློབ་སྐུལ་པ་དང་འགན་དབང་གཅིག་མཚུངས་སྤྱོད་རྒྱུ་ཡོད་ལ། འཁྲི་འགན་ཡང་གཅིག་མཚུངས་འཁུར་དགོས། སློབ་སྐུལ་པ་དེ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སློབ་གྲྭའི་1:5ཡི་བསྡུར་ཚད་ལྟར་བསྐོ་སྒྲིག་བྱེད་རྒྱུ།

དོན་ཚན་དགུ་པ། སློབ་སྐུལ་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ། (གཅིག)ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཡོད་དགོས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས་པ། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བྱ་གཞག་ལ་དགའ་ཞེན་དང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ལ་དགའ་ཞེན་བྱེད་དགོས་པ་དང་། (གཉིས)སློབ་གསོའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་རྒྱལ་ཁབ་ཀྱི་སློབ་གསོའི་ཐད་ཀྱི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་ཐད་ཀྱི་སྲིད་ཇུས་བཅས་རྒྱུས་མངའ་ཡོད་པ་དང་། སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་སྒོ་བྱང་ཆུབ་པ། དེ་མཚུངས་ཀྱི་ཆེད་ལས་ཤེས་བྱ་དང་ལས་སྒོའི་འཇོན་ཐང་ལྡན་པ། (གསུམ)རྩ་དོན་མཐའ་འཁྱོངས་བྱེད་པ་དང་། ལས་སྒྲུབ་དྲང་གཞག་བྱེད་པ། སྤྱོད་ལམ་བཟང་བ། སྤྱོད་གཙང་རང་འདོམས་ཐུབ་པ།(བཞི)སློབ་ཆེན་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རིམ་ཡོད་པ་དང་། སློབ་གསོའི་དོ་དམ་དང་སློབ་ཁྲིད་དམ་ཡང་ན་སློབ་གསོའི་ཐད་ཀྱི་ཞིབ་འཇུག་ལས་ཀ་ལོ་བཅུ་ཡན་བྱེད་མྱོང་ཡོད་པ། ལས་ཀའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། (ལྔ)སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་ནུས་ཆེ་ཙམ་དང་སྐད་ཆ་ཤོད་མཁས་ཙམ་ཡོད་པ། (དྲུག)གཟུགས་པོ་ཐང་པོ་ཡོད་པ་དང་། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་ཐུབ་པ།(བདུན)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་བའི་དུས་ཚོད་འགན་ལེན་ཐུབ་ཅིང་། འཐབ་ས་དང་པོ་དང་། སློབ་གྲྭ དགེ་སློབ་བཅས་ཀྱི་ཁྲོད་དུ་བསྐྱོད་དེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་ཐུབ་པ་བཅས་སོ། གོང་གསལ་ནང་གསེས་ཀྱི་གཏན་འབེབས་ཆ་རྐྱེན་དང་མཐུན་པའི་མི་སྣར་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་དཔྱད་ཞིབ་བྱས་ཏེ་ཚད་གཞི་ལོན་པར། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཆེད་བསྐོས་སློབ་སྐུལ་པར་བསྐོ་གཞག་བྱེད་རྒྱུའམ། ཡང་ན་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་གཅིག་ལྕོགས་སློབ་སྐུལ་པར་གདན་ཞུས་བསྐོ་གཞག་བྱེད་རྒྱུ།

དོན་ཚན་བཅུ་པ། སློབ་སྐུལ་པས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱི་མངག་གཏོང་དང་ལེན་ཞུས་ནས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་སློབ་སྐུལ་པའི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་སྒོར་དོ་དམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དེའི་འཁྲི་འགན་ཁུར་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པ་མ་ཟད། དཔྱད་ཞིབ་བྱས་འབྲས་དེ་རང་གནས་སའི་ཚན་པར་ལན་སྤྲོད་བྱེད་དགོས། ཕུལ་བྱུང་དུ་དཔྱད་ཞིབ་བྱས་པར་གཟེངས་བསྟོད་བྱ་དགའ་སྤྲོད་རྒྱུ་དང་། ཚད་ལོན་མིན་པའི་དཔྱད་ཞིབ་བྱས་པར་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ལས་གནས་བསྐོ་གཞག་མི་བྱེད་རྒྱུའམ་ཡང་ན་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་གདན་ཞུ་མཚམས་འཇོག་བྱེད་རྒྱུ།

དོན་ཚན་བཅུ་གཅིག་པ། སློབ་སྐུལ་པས་ལས་དོན་སྤེལ་བར་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་དགོས་ངེས་ཀྱི་ཆ་རྐྱེན་སྐྲུན་དགོས་པ་དང་། སློབ་སྐུལ་པས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བའི་ཁྲོད་འཕྲིན་གཏོང་དང་། འགྲིམ་འགྲུལ། ཟས་སྡོད། ངལ་ལས་སོགས་ཀྱི་འགྲོ་གྲོན་སོང་བ་རྣམས་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས།

དོན་ཚན་བཅུ་གཉིས་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་སློབ་སྐུལ་པར་སྦྱོང་བརྡར་སྤྲོས་རྒྱུའི་འཆར་གཞི་བཟོས་ནས། ཆེད་དོན་འཆད་ཁྲིད་བྱེད་པ་དང་། ལས་དོན་ལ་ཞིབ་གྲོས་བྱེད་པ། སློབ་སྦྱོང་འཚམས་འདྲི་དང་སྤེལ་རེས་བྱེད་པ། དྲ་ཐོག་ནས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སློབ་སྐུལ་པར་དུས་བཀག་ཐོག་སྦྱོང་བརྡར་སྤྲས་ནས་སློབ་སྐུལ་པའི་ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། གལ་ཆེའི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་མ་བྱས་གོང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ནང་ཞུགས་མཁན་གྱི་སློབ་སྐུལ་པར་སྦྱོང་བརྡར་སྤྲོས་དགོས།

དོན་ཚན་བཅུ་གསུམ་པ། སློབ་སྐུལ་པས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ངེས་པར་དུ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཐད་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་གཅིག་གྱུར་ཐོག་བཟོས་པའི་སློབ་སྐུལ་པའི་ལག་ཁྱེར་འདོན་དགོས་ཤིང་། དངོས་ཐོག་བདེན་འཚོལ་དང་དངོས་ཡོད་དྲང་གཞག་གི་སྒོ་ནས་གནས་ཚུལ་ཇི་མ་ཇི་བཞིན་གསལ་ཞུ་བྱེད་དགོས་པ་ལས། དོན་དངོས་སྦ་གསང་ངམ་ཡང་ན་རྫུན་བཟོ་བྱེད་མི་ཆོག

དོན་ཚན་བཅུ་བཞི་པ། ལྟ་སྐུལ་མཛུབ་ཁྲིད་བྱེད་མཁན་གྱི་སློབ་སྐུལ་པ་ནི་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་འགན་འཁུར་བ་གཙོ་བོའི་སྤུན་ཉེ་ཡིན་པའམ་ཡང་ན་དངོས་ཡོད་དྲང་གཞག་གི་ཐོག་ནས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཤུགས་རྐྱེན་ངན་པ་བཟོ་སྲིད་པའི་གནས་ཚུལ་རིགས་ཡོད་ཚེ། ངེས་པར་དུ་ཟུར་གཡོལ་བྱེད་དགོས།

ལེའུ་གསུམ་པ། ལྟ་སྐུལ་མཛུབ་ཁྲིད་བྱེད་ཕྱོགས། དོན་ཚན་བཅོ་ལྔ་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་གོང་རིམ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་དང་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་གྱིས་ལོ་འཁོར་གྱི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་འཆར་གཞི་བཟོ་འབེབས་བྱེད་དགོས།

དོན་ཚན་བཅུ་དྲུག་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་འོག་རིམ་མི་དམངས་སྲིད་གཞུང་གི་སློབ་གསོར་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་གཤམ་གསལ་གྱི་དོན་གནད་ཁག་ཚུད་དགོས་པ་སྟེ། (གཅིག)ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ཐད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ཚུལ་དང་། (གཉིས)རིམ་རིགས་ཁག་གི་སློབ་གསོའི་འཆར་འགོད་བྱས་ཚུལ་དང་། མཐུན་སྦྱོར་ངང་གོང་འཕེལ་བཏང་ཚུལ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ཚུལ། (གསུམ)སློབ་གཉེར་ཚད་གཞི་དོན་འཁྱོལ་བྱས་ཚུལ། (བཞི)སློབ་སྔོན་སློབ་གསོ་ཀུན་ཕན་ཁྱབ་གདལ་བཏང་ཚུལ། (ལྔ)འགན་བབས་སློབ་གསོ་ཁྱབ་གདལ་དང་སྲ་བརྟན་བཏང་ཚུལ་དང་། སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱས་ཚུལ། དོ་སྙོམས་ངང་གོང་འཕེལ་བཏང་ཚུལ། (དྲུག)སློབ་གསོའི་འགྲོ་གྲོན་གྱི་གཏོང་སྒོ་དང་། དོ་དམ། བེད་སྤྱོད་བཅས་བྱས་ཚུལ། སློབ་གཉེར་ཆ་རྐྱེན་འགན་སྲུང་དང་ལེགས་སུ་བཏང་ཚུལ། (བདུན)སློབ་སྤྱིའི་དཔུང་ཁག་ལེགས་སྐྱོང་བྱས་ཚུལ་དང་། དགེ་རྒན་གྱི་འོས་བབ་དང་། གོ་གནས། གདན་ཞུས་བསྐོ་གཞག་སོགས་ཀྱི་དོ་དམ་ལམ་ལུགས་བཟོ་བ་དང་ལག་བསྟར་བྱས་ཚུལ། དགེ་རྒན་གྱི་སྒྲིག་ཁོངས་ཐོབ་ཐང་གནས་ཚུལ། (བརྒྱད)ཞིང་འབྲོག་ཁུལ་དང་། ས་ཁད་མཐོ་ཞིང་ཐག་རིང་ས་ཁུལ། མཐའ་མཚམས་ས་ཁུལ་བཅས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་བར་རོགས་སྐྱོར་བྱས་ཚུལ། (དགུ)གལ་ཆེའི་སློབ་གསོའི་ལས་གཞིའི་རྣམ་གྲངས་ལག་བསྟར་བྱས་ཚུལ། (བཅུ)སློབ་ཆེན་དང་འབྲིང་རིམ་ཆེད་ཚན་སློབ་གྲྭ་ཐོན་པའི་སློབ་མའི་ལས་ཞུགས་དང་ལས་གཏོད་བྱས་ཚུལ། (བཅུ་གཅིག)སྤྱི་ཚོགས་ཐོག་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་སློབ་གསོའི་ཐད་ཀྱི་གླེང་ཆ་ཆེ་ལ་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱས་ཚུལ། (བཅུ་གཉིས)བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་སྲིད་ཇུས་ནང་གཏན་འབེབས་བྱས་པའི་དོན་གནད་གཞན་དག་བཅས་སོ།

དོན་ཚན་བཅུ་བདུན་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སློབ་གྲྭར་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་གཤམ་གསལ་དོན་གནད་ཁག་ཚུད་དགོས་པ་སྟེ། (གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སློབ་གྲྭ་གཉེར་ཚུལ་དང་། (གཉིས)ཏང་ལེགས་སྐྱོང་དང་དེ་བཞིན་ཏང་ལེགས་སྐྱོང་ལ་བརྟེན་ནས་སྡེ་ཚོགས་ལེགས་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་བྱེད་པར་སྣེ་ཁྲིད་བྱས་ཚུལ།(གསུམ)ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང་“སྨྲ་བ་གཉིས”ཀྱི་སློབ་གསོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་བཅས་སྤེལ་བ་དང་། དེ་བཞིན་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་ཡི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་ཆེ་རུ་གཏོང་བའི་སློབ་གསོ་སྤེལ་ཚུལ། (བཞི)མི་བཟང་གསོ་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་། བྱང་ཚད་སློབ་གསོ་སྤེལ་བ། དེ་བཞིན་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་བའི་ཏང་དང་མི་དམངས་ཀྱིས་ཡིད་ཆེས་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུར་སྐུལ་འདེད་བཏང་ཚུལ། (ལྔ)རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཚུལ་དང་སྐད་གཉིས་སློབ་གསོ་དོན་འཁྱོལ་བྱས་ཚུལ། (དྲུག)སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་སློབ་གསོ་དང་ཆོས་ལུགས་ཕན་ཚུན་ལོགས་དབྱེའི་རྩ་དོན་དོན་འཁྱོལ་བྱས་ཚུལ་དང་། ཆོས་ལུགས་ཀྱིས་སློབ་གསོ་དང་སློབ་ཁྲིད་ལ་ཐེ་ཇུས་བྱེད་རིགས་བཀག་འགོག་བྱས་ཚུལ། (བདུན)སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་བཏང་བ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་བསྒྱུར་བཅོས་ལ་སྐུལ་སྤེལ་བཏང་ཚུལ། དེ་བཞིན་སློབ་ཁྲིད་བྱེད་སྟངས་ལེགས་སྒྱུར་དང་། སློབ་ཁྲིད་ཀྱི་དོ་དམ་ལ་ཤུགས་སྣོན། ཆ་འཕྲིན་ལག་རྩལ་དང་སློབ་གསོ་སློབ་ཁྲིད་མཉམ་འདྲེས་བཅས་བྱས་ཚུལ། (བརྒྱད)སློབ་གྲྭས་སློབ་བསྡུ་དང་སློབ་ཐོ་དོ་དམ་བྱེད་རྒྱུ་དང་། སློབ་ཚན་འཚོག་རྒྱུ། བཟའ་བཅའི་བདེ་འཇགས་དང་བཟའ་མ་ཟ་རོགས། འཕྲོད་བསྟེན། དགེ་སློབ་ཀྱི་ལུས་སེམས་བདེ་ཐང་དང་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་སོགས་ཀྱི་ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་བྱས་ཚུལ། (དགུ)སློབ་གྲྭའི་མེ་སྐྱོན་འགོག་གསོད་དང་། དྲ་རྒྱ། དུག་འགོག འགྲིམ་འགྲུལ་སོགས་ཀྱི་བདེ་འཇགས་ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་བྱས་ཚུལ། དེ་བཞིན་སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་གནས་ཚུལ། (བཅུ)སློབ་གྲྭའི་བདེ་འཇགས་དང་བརྟན་ལྷིང་གི་གནས་ཚུལ། (བཅུ་གཅིག)དགེ་རྒན་དཔུང་ཁག་གི་ཆེད་ལས་ཆུ་ཚད་མཐོ་རུ་གཏོང་བ་དང་། སློབ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་ལེགས་སྐྱོང་བྱེད་པ་བཅས་ཀྱི་གནས་ཚུལ། དེ་བཞིན་དགེ་རྒན་ལ་སྐུལ་ལྕག་དང་གཅུན་སྡོམ་བྱེད་པའི་ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་བྱས་ཚུལ། (བཅུ་གཉིས)མཐོ་རིམ་སློབ་གྲྭའི་རིག་གཞུང་ཚན་ཁག་གི་ཆེད་ལས་ལེགས་སྒྲིག་དང་བཀོད་སྒྲིག་བྱས་ཚུལ་དང་། དེ་བཞིན་སློབ་མར་སློབ་གསོ་ཁྲིད་སྟོན་གྱིས་འཇོན་ཐང་ཆེ་རུ་འགྲོ་ཐུབ་པ་བྱེད་རྒྱུ་དང་། སློབ་གྲྭ་ཐོན་རྗེས་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཡོད་སར་བསྐྱོད་ནས་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གཞི་རིམ་མང་ཚོགས་ལ་ཕན་བདེ་སྐྲུན་པའི་ལས་དོན་སྤེལ་ཚུལ། ལས་ཞུགས་ཀྱི་མཛུབ་ཁྲིད་དང་ཞབས་ཞུའི་ལས་དོན་སྤེལ་ཚུལ། (བཅུ་གསུམ)སློབ་ཁྲིད་དང་འཚོ་བའི་སྒྲིག་བཀོད་སྒྲིག་ཆས་བགོ་སྒྲིག་བེད་སྤྱོད་བྱས་ཚུལ་དང་། སློབ་གསོའི་གྲོན་དངུལ་ལ་དོ་དམ་དང་བེད་སྤྱོད་བྱས་ཚུལ། སློབ་གསོའི་གླ་རིན་བསྡུས་ཚུལ། (བཅུ་བཞི)བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ། དེ་བཞིན་རྒྱལ་ཁབ་ཀྱི་སློབ་གསོའི་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་སློབ་གསོའི་སྲིད་ཇུས་བཅས་ཀྱི་ནང་གཏན་འབེབས་བྱས་པའི་དོན་གནད་གཞན་དག་བཅས་སོ།

དོན་ཚན་བཅོ་བརྒྱད་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་གཤམ་གསལ་གྱི་བྱེད་སྟངས་ཁག་སྤྱོད་ཆོག་པ་སྟེ།(གཅིག)ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་། (གཉིས)ནོར་དོན་གྱི་རྩིས་ཐོ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་དོན་གནད་དང་འབྲེལ་བ་ཡོད་པའི་ཡིག་ཆའི་དཔྱད་ཡིག་གཞན་དག་ལྟ་བཤེར་དང་པར་སློག་རྒྱག་པ། (གསུམ)སློབ་གསོ་སློབ་ཁྲིད་ཀྱི་བྱེད་སྒོར་ཞུགས་པའམ་ཡང་ན་དེ་མིན་ས་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ། (བཞི)འབྲེལ་ཡོད་ཀྱི་ལས་དོན་ཚོགས་འདུར་ཞུགས་པའམ་ཡང་ན་བཞུགས་མོལ་ཚོགས་འདུ་འཚོག་རྒྱུ་སྒྲིག་འཛུགས་བྱེད་པ། (ལྔ)འདྲི་ཤོག་ལ་བརྟག་དཔྱད་དང་། ཚད་ལེན་དཔྱད་བསྡུར། རེ་ཟུང་ལ་བཅར་འདྲི་བཅས་བྱེད་པ། (དྲུག)ཁྲིམས་བཞིན་སྤྱོད་ཆོག་པའི་བྱེད་ཐབས་གཞན་དག་བཅས་སོ། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པ་དང་དེའི་ལས་དོན་མི་སྣས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ཁྲིམས་བཞིན་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ངེས་པར་དུ་གཞོགས་འདེགས་ཧུར་ཐག་བྱེད་དགོས་པ་ལས་དང་ལེན་མི་བྱེད་པ་དང་བཀག་འགོག་བྱེད་མི་ཆོག

དོན་ཚན་བཅུ་དགུ་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལ་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་པ། ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱོད་ཆོག

དོན་ཚན་ཉི་ཤུ་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སློབ་གྲྭའི་ཁྱབ་བཀོད་ལྟར་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་འཁུར་ཁུལ་བཟོས་ཁར། སློབ་སྐུལ་པ་མངགས་གཏོང་བྱས་ནས་འགན་འཁྲི་འཁུར་ཁུལ་ནང་གི་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ལ་རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། སློབ་སྐུལ་པའི་མིང་དང་། འབྲེལ་གཏུག་བྱེད་སྟངས། ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་དོན་གནད་བཅས་ངེས་པར་དུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་གྱི་སློབ་གྲྭར་སྔོན་ཚུད་ནས་བརྡ་ཐོ་མ་བཏང་ནའང་འགྲིག་ལ། སློབ་གྲྭའི་འཆར་ཅན་གྱི་སློབ་གསོ་སློབ་ཁྲིད་བྱེད་སྒོར་ཤུགས་རྐྱེན་མི་ཐེབས་པའི་སྔོན་འགྲོའི་འོག་སྐབས་དང་བསྟུན་ནས་ལག་བསྟར་བྱས་ནའང་འགྲིག་ཅིང་། སློབ་དུས་རེར་ཉུང་ཐར་ཡང་ཐེངས་གཉིས་ཡན་སྤེལ་དགོས། རྒྱུན་གཏན་རང་བཞིན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱས་ཚར་རྗེས། སློབ་སྐུལ་པས་ངེས་པར་དུ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ལ་སྙན་ཞུ་འབུལ་དགོས་པ་དང་། གལ་སྲིད་བཅོས་སྒྲིག་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས་ཚེ་ངེས་པར་དུ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ལ་གྲོས་འགོ་འདོན་དགོས་པ་དང་། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་བཅོས་སྒྲིག་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས། ཁྲིམས་འགལ་སྒྲིག་འགལ་གྱི་སློབ་གཉེར་བྱེད་སྤྱོད་དམ་ཡང་ན་དགེ་སློབ་ཀྱི་ཚེ་སྲོག་བདེ་འཇགས་ལ་གནོད་པའི་མངོན་མེད་རྐྱེན་རྩ་ཤེས་རྟོགས་བྱུང་ཚེ་ངེས་པར་དུ་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

དོན་ཚན་ཉེར་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་རང་ལས་རིམ་པ་གཅིག་གིས་དམའ་བའི་མི་དམངས་སྲིད་གཞུང་ལ་ངེས་པར་དུ་ལོ་ལྔ་རེར་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་ཉུང་མཐར་ཡང་ཐེངས་རེ་བྱེད་དགོས། རྫོང་རིམ་མི་དམངས་སྲིད་གཞུང་གི་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་སློབ་གྲྭར་ངེས་པར་དུ་ལོ་གསུམ་རེར་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་ཐེངས་རེ་བྱེད་དགོས།

(པར་ངོས་བརྒྱད་པར་གཟིགས)

(པར་ངོས་བདུན་པར་མཐུད)

དོན་ཚན་ཉེར་གཉིས་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་པའམ་ཡང་ན་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་དོན་གནད་སྔོན་ཚུད་ནས་གཏན་འཁེལ་བྱེད་དགོས་པ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་འཛུགས་དགོས། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དེ་སློབ་སྐུལ་པ་གསུམ་ཡན་ལས་གྲུབ་དགོས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་དགོས་མཁོར་གཞིགས་ནས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དམ་ཡང་ན་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱས་ན་འགྲིག་ལ། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་པའམ་ཡང་ན་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་འབྲེལ་ཡོད་ཆེད་ལས་པ་ཞུགས་རྒྱུ་གདན་ཞུས་བྱས་ནའང་འགྲིག ལས་རིགས་ཀྱི་སློབ་གསོ་སློབ་ཁྲིད་ལས་ཁུངས་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་པའམ་ཡང་ན་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ད་དུང་ངེས་པར་དུ་དེའི་གཙོ་འགན་སྡེ་ཚན་གྱི་བསམ་འཆར་ཉན་དགོས།

དོན་ཚན་ཉེར་གསུམ་པ། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་པའམ་ཡང་ན་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཇུས་གཞི་བཟོ་དགོས་པ་དང་། གཤམ་གསལ་ལས་རིམ་གཞིར་བཟུང་སྤེལ་དགོས་པ་སྟེ། (གཅིག)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ངེས་པར་དུ་ཉིན་བཅོ་ལྔའི་སྔོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་ཡིག་ཐོག་ནས་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུའི་བརྡ་ཐོ་གཏོང་དགོས་པ་དང་། ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས་ངེས་པར་དུ་ཉིན་དྲུག་ཅུའི་སྔོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་རྒྱུའི་ཡིག་ཐོག་བརྡ་ཐོ་གཏོང་དགོས་པ་དང་།(གཉིས)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་རང་དཔྱད་སྒྲིག་འཛུགས་བྱེད་དགོས་པའི་བླང་བྱ་བཏོན་ཚེ། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པས་ངེས་པར་དུ་གཏན་འབེབས་ཀྱི་དུས་བཅད་ནང་རང་དཔྱད་སྙན་ཞུ་དང་འབྲེལ་ཡོད་དཔྱད་ཡིག་གོང་འབུལ་ཞུ་དགོས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ངེས་པར་དུ་རང་དཔྱད་སྙན་ཞུར་ཞིབ་དཔྱད་བྱེད་དགོས་པ།(གསུམ)ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་ས་ཡུལ་དངོས་ཀྱི་རྟོག་ཞིབ་བྱེད་དགོས་པ།(བཞི)སྤྱི་དམངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་བསམ་འཆར་ཇི་ཡོད་པ་དེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་བསྡུ་ལེན་བྱེད་དགོས་པ་མ་ཟད། བཞུགས་མོལ་ཚོགས་འདུ་སྐོང་འཚོག་བྱེད་པའམ་ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་ཆེད་མངགས་སློབ་མ་དང་། ཁྱིམ་བདག དགེ་རྒན་བཅས་ཀྱི་བསམ་འཆར་ཉན་དགོས་པ། (ལྔ)ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་རང་དཔྱད་སྙན་ཞུ་དང་། ས་ཡུལ་དངོས་ཀྱི་རྟོག་ཞིབ་གནས་ཚུལ། སྤྱི་དམངས་ཀྱི་བསམ་འཆར་བཅས་ལ་དཔྱད་གླེང་བྱེད་དགོས་པ་དང་། དཔྱད་གླེང་ཚར་རྗེས་ཀྱི་ཉིན་ལྔའི་ནང་དང་ཉིན་བཅོ་ལྔའི་ནང་ཚུན་དུ་ཁག་སོ་སོར་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དང་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་བྱས་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཐོག་མའི་བསམ་འཆར་གྲུབ་དགོས་པ་མ་ཟད། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་ལན་སྤྲོད་ཀྱང་བྱེད་དགོས་པ། (དྲུག)ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཐོག་མའི་བསམ་འཆར་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། ལྟ་སྐུལ་མཛུབ་ཁྲིད་ཀྱི་ཐོག་མའི་བསམ་འཆར་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་ཚུན་དུ་འབྲེལ་ཡོད་དོན་གནད་ལ་དག་འབུད་བྱེད་དགོས་པ། (བདུན)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཐོག་མའི་བསམ་འཆར་ལ་གཞིགས་ནས། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་དག་འབུད་བསམ་འཆར་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཏེ་དག་འབུད་བསམ་འཆར་འབྱོར་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་ཡི་གེ་གཏོང་དགོས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་ཡི་གེའི་ནང་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པའི་དོན་གནད་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པས་ལུགས་མཐུན་དྲང་གཞག་གིས་དཔྱད་གདེང་བྱེད་དགོས་པ་དང་། ལྷག་བསྡད་པའི་གནད་དོན་ཁག་དུས་བཀག་ནང་བཅོས་སྒྲིག་བྱེད་རྒྱུའི་བླང་བྱ་དང་གྲོས་འགོ་འདོན་དགོས་པ། (བརྒྱད)ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་ཡི་གེར་གཞིགས་ཏེ་བཅོས་སྒྲིག་བྱེད་དགོས་པ་མ་ཟད། བཅོས་སྒྲིག་བྱས་ཚུལ་ཡིག་ཐོག་ནས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ།(དགུ)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་བཅོས་སྒྲིག་བྱས་ཚུལ་ལ་ཞིབ་དཔྱད་དང་རྗེས་འདེད་བྱས་ཏེ་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས་པ། (བཅུ)ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་དམ་ཡང་ན་ཕྱོགས་བསྡུས་ལྟ་སྐུལ་མཛུབ་ཁྲིད་ཚར་རྗེས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་སྙན་ཞུ་འབུལ་དགོས་པ་མ་ཟད། ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དེ་རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ལ་སྙན་ཐོ་དཔོ་དགོས་པ་བཅས་སོ།

དོན་ཚན་ཉེར་བཞི་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་སློབ་གསོ་གོང་འཕེལ་བཏང་ཚུལ་དང་རིམ་རིགས་ཁག་གི་སློབ་གསོའི་གནས་ཚུལ་དངོས་ལ་གཞིགས་ཏེ། སློབ་གསོའི་སྤུས་ཚད་ལ་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་སྒྲིག་འཛུགས་བྱས་ཏེ་སློབ་གསོའི་སྤུས་ཚད་ལ་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་བྱས་པའི་སྙན་ཞུ་ཁྱབ་བསྒྲགས་བྱེད་དགོས། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སློབ་གསོར་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་བྱེད་ནུས་ཡོད་པའི་ཆེད་ལས་ལས་ཁུངས་ལ་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་བྱེད་རྒྱུ་མངགས་བཅོལ་བྱས་ན་འགྲིག

ལེའུ་བཞི་པ། གྲུབ་འབྲས་དངོས་སྤྱོད།

དོན་ཚན་ཉེར་ལྔ་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དང་། ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་སྙན་ཞུ་སོགས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་ཉེར་དྲུག་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་གལ་ཆེའི་གནད་དོན་རིགས་ངེས་པར་དུ་འཕྲལ་མར་རིམ་པ་དེ་གའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས། སྙན་ཞུ་འབྱོར་རྗེས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིབ་འཇུག་བྱས་ནས་ཐག་གཅོད་བྱེད་དགོས།

དོན་ཚན་ཉེར་བདུན་པ། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར་གཤམ་གསལ་གྱི་གནས་ཚུལ་རིགས་གང་རུང་ཞིག་ཡོད་ཚེ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་འགན་འཁུར་བ་གཙོ་བོ་སྐོང་འདྲི་བྱས་ནས། ལས་དོན་སྤེལ་རྒྱུ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་ན་འགྲིག་པ་སྟེ། (གཅིག)ཏང་གི་སློབ་གསོའི་མཛད་ཕྱོགས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་སེམས་ཐག་མི་ཆོད་ལ་མཐར་ཕྱིན་པ་མི་བྱེད་པ་དང་། (གཉིས)སློབ་གསོའི་འཁྲི་འགན་འཁུར་རྒྱུ་གནད་ལ་མི་འཁེལ་བ། (གསུམ)སློབ་གསོའི་འགག་སྒྲོལ་ལས་འགན་ལེགས་གྲུབ་བྱེད་རྒྱུ་རྗེས་ལུས་ཚབས་ཆེན་ཐེབས་པ། (བཞི)སློབ་གཉེར་བྱ་སྤྱོད་ཚད་ལྡན་མིན་པ། (ལྔ)སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཞན་དུ་སོང་བ། (དྲུག)བདེ་འཇགས་ཀྱི་གནད་དོན་ཐོན་མང་ཙམ་ཡིན་པ། (བདུན)སློབ་གྲྭར་འགྲོ་མཚམས་མི་ཆད་པ་དང་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་སྤེལ་ཤུགས་མི་ལྡེང་བ། (བརྒྱད)སློབ་གསོའི་གྲོན་དངུལ་དོ་དམ་དང་བེད་སྤྱོད་བྱེད་རྒྱུ་ཚད་ལྡན་མེད་པ། (དགུ)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་དང་ལེན་གཏན་ནས་མི་བྱེད་པ་བཅས་སོ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་འགན་འཁུར་བ་གཙོ་བོ་སྐོང་འདྲི་བྱེད་སྐབས། ངེས་པར་དུ་ཡིག་ཐོག་ནས་ཟིན་ཐོ་འགོད་དགོས་པ་མ་ཟད། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པ་གནས་སའི་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་གོང་རིམ་སྡེ་ཚན་བཅས་ལ་སྙན་ཐོ་དཔོ་དགོས།

དོན་ཚན་ཉེར་བརྒྱད་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་ཤུགས་མི་ལྡེང་བ་དང་། དགོས་པའི་ལས་མི་སྒྲུབ་པ། བཅོས་སྒྲིག་བྱེད་པའི་ལས་འགན་མི་སྒྲུབ་པ་བཅས་བྱེད་མཁན་གྱི་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པར། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱས་འབྲས་དང་བཅོས་སྒྲིག་བྱས་ཚུལ་རྣམས་ས་གནས་དེ་གའི་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་གོང་རིམ་སྡེ་ཚན་བཅས་ལ་བརྡ་ཁྱབ་གཏོང་དགོས།

དོན་ཚན་ཉེར་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་འབྲེལ་ཡོད་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་སྙན་ཞུ་དང་། སྐོང་འདྲི་བྱས་ཚུལ། བཅོས་སྒྲིག་བྱས་ཚུལ་བཅས་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པ་དང་དེའི་འགན་འཁུར་བ་གཙོ་བོར་དཔྱད་ཞིབ་དང་བྱ་དགའ་ཆད་གཅོད་བྱེད་པའི་གལ་ཆེའི་གཞི་འཛིན་སར་བརྩི་དགོས་པ་མ་ཟད། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་འགན་འཁུར་བ་གཙོ་བོའི་གོ་གནས་བསྐོ་འཐེན་བྱེད་པའི་གལ་ཆེའི་དཔྱད་གཞི་ཞིག་ལའང་བརྩི་དགོས།

དོན་ཚན་སུམ་ཅུ་པ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་བྱས་འབྲས་དང་བཅོས་སྒྲིག་བྱས་ཚུལ་དེ་ལོ་འཁོར་རྗེས་མའི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་འཆར་གཞི་འགོད་པའི་གཞི་འཛིན་སར་བརྩི་དགོས། ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་སློབ་གསོར་བསྒྱུར་བཅོས་བྱེད་རྒྱུ་དང་སློབ་གསོའི་འཆར་འགོད་བཟོ་རྒྱུར་དཔྱད་གཞི་མཁོ་འདོན་བྱེད་དགོས།

ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

དོན་ཚན་སོ་གཅིག་པ། ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པ་དང་དེའི་ལས་བྱར་གཤམ་གསལ་གྱི་གནས་ཚུལ་རིགས་གང་རུང་ཞིག་ཡོད་ཚེ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་རྒྱུ་མ་ཟད། ཡོ་བསྲང་བྱེད་དུ་འཇུག་རྒྱུ། ཡོ་བསྲང་གཏན་ནས་མ་བྱས་པའམ་ཡང་ན་གནས་ཚུལ་ཚབས་ཆེ་རིགས་ལ་ཐད་ཀའི་འགན་འཁུར་མཁན་གཙོ་བོ་དང་དེ་མིན་གྱི་འགན་འཁྲི་ཡོད་མཁན་ལ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་འབྲེལ་ཡོད་མི་དམངས་སྲིད་གཞུང་ངམ་ཡང་ན་གཙོ་འགན་སྡེ་ཚན་ནས་ཆད་པ་གཅོད་རྒྱུའི་གྲོས་འགོ་འདོན་རྒྱུ་སྟེ། (གཅིག)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་སམ་ཡང་ན་སློབ་སྐུལ་པས་ཁྲིམས་ལྟར་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་བྱས་པར་དང་ལེན་མ་ཞུས་པའམ་ཡང་ན་བཀག་འགོག་བྱས་པའི་རིགས་དང་། (གཉིས)དངོས་ཡོད་གནས་ཚུལ་སྦས་གསང་དང་མི་བདེན་རྫུན་སྒྲིག་བྱས་པ་དང་། དེ་བཞིན་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་སམ་ཡང་ན་སློབ་སྐུལ་པར་མགོ་སྐོར་བཏང་བའི་རིགས། (གསུམ)ལྟ་སྐུལ་མཛུབ་ཁྲིད་ཀྱི་བསམ་འཆར་ཡི་གེ་གཞིར་བཟུང་བཅོས་སྒྲིག་མ་བྱས་པ་མ་ཟད། བཅོས་སྒྲིག་བྱས་ཚུལ་དེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ལ་སྙན་སེང་མ་ཞུས་པའི་རིགས། (བཞི)སློབ་སྐུལ་པར་རྡུང་རྡེག་དང་འཁོན་ལན་བསློགས་པའི་རིགས། (ལྔ)སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་སམ་ཡང་ན་སློབ་སྐུལ་པས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པར་འགོག་རྐྱེན་ཚབས་ཆེན་བཟོས་པའི་གནས་ཚུལ་གཞན་དག་རིགས་བཅས་སོ།

དོན་ཚན་སོ་གཉིས་པ། སློབ་སྐུལ་པའམ་ཡང་ན་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱི་ལས་དོན་མི་སྣར་གཤམ་གསལ་གྱི་གནས་ཚུལ་རིགས་གང་རུང་ཞིག་ཡོད་ཚེ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོ་རྒྱག་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ། སློབ་སྐུལ་པར་ད་དུང་ངེས་པར་དུ་ལས་གནས་བསྐོ་གཞག་མི་བྱེད་རྒྱུའམ་ཡང་ན་གདན་ཞུ་མཚམས་འཇོག་བྱེད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་སྟེ། (གཅིག)རང་འཁྲིའི་ལས་འགན་སྣང་མེད་དུ་བཞག་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་ནར་འགྱངས་བཏང་བའི་རིགས་དང་། (གཉིས)མི་བདེན་རྫུན་སྒྲིག་དང་ཉེར་ཕྱོགས་གཡོ་ཟོལ་བྱས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་འབྲས་དྲང་གཞག་ཡོང་རྒྱུར་ཤུགས་རྐྱེན་ངན་པ་བཟོས་པའི་རིགས། (གསུམ)འགན་དབང་གང་བྱུང་དུ་སྤྱད་དེ་ལྟ་སྐུལ་མཛུབ་ཁྲིད་བྱ་ཡུལ་ཚན་པའི་འཆར་ཅན་གྱི་ལས་དོན་ལ་འགོག་རྐྱེན་བཟོས་པའི་རིགས། སློབ་སྐུལ་པས་སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་གཏན་འབེབས་ལས་འགལ་ཏེ་ཟུར་གཡོལ་བྱེད་དགོས་ངེས་ཡིན་ཡང་ཟུར་གཡོལ་མི་བྱེད་མཁན་ལ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོ་རྒྱག་རྒྱུ། སློབ་སྐུལ་པར་སྲོལ་ཡིག་འདིའི་དོན་ཚན་ཉི་ཤུ་པའི་གཏན་འབེབས་ལས་འགལ་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་སློབ་གཉེར་བྱེད་སྤྱོད་ཡོད་པའམ་ཡང་ན་དགེ་སློབ་ཀྱི་ཚེ་སྲོག་བདེ་འཇགས་ལ་མངོན་མེད་ཀྱི་ཉེན་ཁ་ཡོད་པ་ཤེས་བཞིན་དུ་སློབ་གྲྭ་དང་འབྲེལ་ཡོད་སྡེ་ཚན་ནས་འཕྲལ་མར་ཐག་གཅོད་བྱེད་རྒྱུར་སྐུལ་འདེད་མ་བཏང་ཚེ་སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོ་རྒྱག་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་མ་ཟད། ལས་གནས་བསྐོ་གཞག་མི་བྱེད་རྒྱུའམ་ཡང་ན་གདན་ཞུ་མཚམས་འཇོག་བྱེད་རྒྱུ། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

ལེའུ་དྲུག་པ། ཞར་བྱུང་།

དོན་ཚན་སོ་གསུམ་པ། སྲོལ་ཡིག་འདི་2020ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།

(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)