《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月06日

རྒྱུག་ཆུ“མུ་ཏིག”ཏུ་གྱུར། ཉི་ནུས་རྒྱུ་ནོར་དུ་གྱུར།

སྤང་མདའ་རྩྭ་ཐང་གི་མཁའ་དབྱིངས་ནས་ཐུར་ལ་ལྟ་སྐབས་བོད་ཤར་རྒྱུད་ཀྱི་ཉི་ནུས་འོད་ཤུགས་གློག་ཁང་ཆེ་གྲས་དང་པོ་སྟེ། ཐན་ཧུའེ་དཔའ་ཤོད་རྫོང་མགོ་བཀྲ་ལྷས་རའི་ཀྲའོ་ཝ་20ཡོད་པའི་གློག་དྲ་ཟླ་སྒྲིལ་གྱི་འོད་ཤུགས་གློག་ཁང་གི་འོད་ཤུགས་གློག་རྫས་པང་ལེབ་སྟར་པ་དང་སྟར་པ་བྱས་ལས་འོད་ཆེམ་ཆེམ་འཕྲོ་བཞིན་འདུག

དེ་དང་དུས་མཚུངས་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་ཆེ་ཤོས་ཏེ། གཡེར་པ་ཐང་ཆུ་ཤུགས་གློག་ཁང་བསྐྲུན་ཡུལ་དུ་ཨར་པོ་བ་བརྒྱ་ཕྲག་གིས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་རང་འགན་གཙང་སྒྲུབ་ཀྱིས“ལོ་ལྔ་ཚན་བཅུ་གཉིས་པ”དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་རྣམ་གྲངས་གལ་ཆེན་སྐྲུན་ཆེད་དཀའ་སྤྱད་འབད་བརྩོན་བྱེད་བཞིན་འདུག

འོད་ཤུགས་གློག་ཁང་ཡིན་ནའང་འདྲ་ཡང་ན་ཆུ་ཤུགས་གློག་ཁང་ཡིན་ནའང་འདྲ། དེ་དག་ཚང་མ་ནི་བོད་ཤར་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི“ནུབ་གློག་ཤར་གཏོང”གི་སྦྲེལ་མཐུད་རྟེན་གཞི་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། “གཙང་གསུམ”ཆུ་གློག་གསར་སྤེལ་ཐད་རིམ་རྩིས་བྱས་ན་དངུལ་སྒོར་དུང་ཕྱུར་224.67བཏང་བ། ཉི་ནུས་འོད་ཤུགས་གློག་ཁང་ཆེ་གྲས་11བསྐྲུན་ནས་སྤྱོད་འགོ་ཚུགས་པ་བཅས་ལས་ནུས་རྒྱུ་གཙང་མའི་གློག་ཁང་གིས་བོད་ཤར་རྒྱུད་ཀྱི་ས་གཞི་ཆེན་མོར་འོད་སྣང་སྦྱིན་བཞིན་ཡོད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

ནུས་རྒྱུ་གཙང་མའི་ལས་གྲྭ་འཛུགས་སྐྲུན་ཚ་ཚ་འུར་འུར་བྱེད་པ།

གཤོལ་ཝ་ལུང་ཆུ་ཤུགས་གློག་ཁང་ནི་འབྲི་ཆུའི་སྟོད་རྒྱུད་ཀྱི་གཞུང་ཆུའི་གློག་ཁང་དང་པོ་དེ་ཡིན། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་120ཟིན་པ་དང་ལོར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་54ཟིན་གྱི་ཡོད། 2015ལོའི་ཟླ་11ཚེས་5ཉིན་གཤོལ་ཝ་ལུང་ཆུ་ཤུགས་གློག་ཁང་ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཆོག་མཆན་ཐོབ་ནས་རྣམ་གྲངས་གཏན་འཁེལ་བྱས་པ་དང་། 2017ལོའི་ཟླ་8པར་དངོས་སུ་ལས་འགོ་ཚུགས་ཡོད། མིག་སྔར་འཕྲུལ་ཙུའུ་ཨང་བཞི་པ་ནས་གློག་གཏོང་ཚོད་ལྟ་བྱེད་བཞིན་ཡོད།

“2021ལོར་འཕྲུལ་ཙུའུ་དང་པོ་ནས་གློག་བདེ་བླག་ངང་གཏོང་ཆེད། མིག་སྔར་ཨར་སྐྲུན་དང་། ལྟ་སྐུལ་དོ་དམ། ཇུས་འགོད། ཁེ་ལས་ཀྱི་བདག་པོ་བཅས་ཀྱིས་ཉིན་མཚན་བསྟུད་མར་རྒྱུན་མཐུད་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་ལས་གྲྭ་ཧྲིལ་པོ་བདེ་བླག་ངང་སྐྲུན་བཞིན་ཡོད”ཅེས་ཧྭ་གློག་འབྲི་ཆུ་སྟོད་རྒྱུད་ཆུ་ཤུགས་གློག་ཁང་འཕེལ་རྒྱས་ཚད་ཡོད་ཀུང་སི་གཤོལ་ཝ་ལུང་ཡན་ལན་ཀུང་སིའི་འཕྲུལ་གློག་དངོས་ཟོག་པུའི་ཀྲུའུ་རེན་ཏུའུ་ཧུང་པིན་གྱིས་རྒྱལ་ཁབ་ཀྱི“ནུབ་གློག་ཤར་གཏོང”གི་སྦྲེལ་མཐུད་ནུས་རྒྱུའི་རྟེན་གཞིའི་སྔོན་ཁྲིད་ལས་གྲྭ་ཡིན་པའི་གཤོལ་ཝ་ལུང་ཆུ་ཤུགས་གློག་ཁང་གི་ཆུ་རགས་མཐོ་ཤོས་ལ་སྨི་112ཡོད་པ་དང་2022ལོར་སླེབས་སྐབས་ཚང་མ་སྐྲུན་ཟིན་ནས་གློག་གཏོང་རྒྱུ་རེད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི“གཙང་གསུམ”ཆུ་གློག་གསར་སྤེལ་གྱི་ལས་གྲྭ་དེ་གློག་ཁང་62བསྐྲུན་རྒྱུ་དང་འབྲེལ་བ་ཡོད་པ་དང་། སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་3746.29ཟིན་རྒྱུ་དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་6388.7གཏོང་རྒྱུའི་འཆར་གཞི་ཡོད། ཟླ་བདུན་པའི་ཟླ་མཇུག་བར“གཙང་གསུམ”ཆུ་ཤུགས་གློག་ཁང་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར་15བཏང་བ་དེས་ལོ་ཧྲིལ་པོའི་མ་འཇོག་འཆར་འགོད་ཀྱི་50%བཟུང་བ་དང་གྲོང་ཁྱེར་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་4.72ཟིན་ཡོད།

ང་ཚོས་མིག་གི་མདའ་མོ་བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་སྤང་གར་གྲོང་ཚོར་འཕེན་སྐབས་ཉི་ནུས་ལས་གྲྭ་ཞིག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་གི་དགོས་མཁོ་བསྐངས་བ་མཐོང་ཐུབ།

2018ལོའི་ཟླ་12ཚེས་30ཉིན་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དབྱེན་འདུམ་གྱི་ཀྲའོ་ཝ་20ཡི་གློག་དྲ་ཟླ་སྒྲིལ་རྣམ་གྲངས་ནས་གློག་གཏོང་འགོ་ཚུགས་པ་དང་། 2019ལོའི་དུས་དཀྱིལ་དུ་ཤོང་ཚད་ཧྲིལ་པོ་ཟླ་སྒྲིལ་ཐུབ་ཡོད། བྲག་གཡབ་རྫོང་གིས་ནུས་རྒྱུ་གསར་པ་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་ཤིན་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མེ་ཤུགས་གློག་འདོན་ལ་སོལ་རླངས་ཁེ་320འགྲོ་བར་རྩིས་བརྒྱབ་ན་རྣམ་གྲངས་འཛུགས་སྐྲུན་གཉེར་སྐྱོང་ལ་ལོ་ལྟར་ཚད་ལྡན་རྡོ་སོལ་ཁྲི་1.03གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི་2.25འབུད་ཉུང་དུ་གཏོང་ཐུབ། མུ་ཟི་འདུས་ཚད་0.5%གཞིར་བཟུང་རྩིས་བརྒྱབ་ནས་མུ་ཟི་མ་བཏོན་ན་དབྱང་གཉིས་ཟི་རྫས་ཏུན་202.5འབུད་ཉུང་དུ་གཏོང་ཐུབ།

ཟླ་དྲུག་པའི་ཟླ་མཇུག་བར། ཆབ་མདོ་གྲོང་ཁྱེར་དུ་ཉི་ནུས་འོད་ཤུགས་གློག་ཁང་ཆེ་གྲས་ཀྱི་རྣམ་གྲངས་ཁྱོན་11རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ལོ་འཁོར་གྱི་ལག་བསྟར་ཇུས་གཞིའི་མཆན་བཀོད་བཀའ་ལན་ནང་བཅུག་པ་མ་ཟད། འཛུགས་སྐྲུན་བྱས་ནས་གློག་གཏོང་འགོ་ཚུགས་ཡོད། གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་23ཟིན་ཞིང་། 2020ལོར་འོད་ཤུགས་གློག་འདོན་འཕྲུལ་འཁོར་ནས་གློག་ཆན་ཝ་ཁྲི་17འདོན་མང་དུ་ཕྱིན་པ་རེད།

ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ནུས་རྒྱུ་གཙང་མ་གསར་སྤེལ་བྱས་པ།

ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱིས་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་བསྐྲུན་མགྱོགས་སུ་བཏང་ཞིང་། ཆུ་གློག་དང་འོད་ཤུགས་གཙོ་བོར་བྱས་པའི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་གྲུབ་ཡོད། རྒྱབ་ལྗོངས་ཆེན་པོ་དེ་འདྲའི་འོག་ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། “ནུབ་གློག་ཤར་གཏོང”སྦྲེལ་མཐུད་ནུས་རྒྱུའི་རྟེན་གཞི་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་མགྱོགས་སུ་བཏང་བ་དང“གཙང་གསུམ”གྱི་ཆུ་གློག་རྣམ་གྲངས་དང་དེ་བཞིན་འོད་ཤུགས་གློག་ཁང་གི་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་བས་དཔལ་འབྱོར་གནོད་མེད་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

འདི་ལོའི་ཟླ་ལྔ་པའི་ཟླ་སྟོད་དུ་མཐའ་འཁོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་གྱི་གྲུབ་འབྲས་ཉམས་མྱོང་དཔྱད་གཞིར་བཟུང་ནས་ཆབ་མདོ་གྲོང་ཁྱེར་གྱིས《2020ལོའི་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཆེད་དོན་སྐུལ་སྤེལ་ཚོགས་ཆུང་གི་ལས་དོན་རྩིས་ཁྲ》བཙུགས་ནས་དམིགས་ཡུལ་གཙོ་བོ་དང་། ལས་འགན། སྣེ་ཁྲིད་ཚན་པ། འགན་འཁུར་བ། ལེགས་སྒྲུབ་དུས་ཚད་བཅས་གཏན་འཁེལ་བྱས་ཏེ་ལས་དོན་ཁག་སྤེལ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

དེ་དང་དུས་མཚུངས། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཕྱོགས་བསྡུས་ནུས་རྒྱུ་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི་བཟོ་བའི་ལས་དོན་སྤེལ་བཞིན་ཡོད། འགག་གསུམ་ཚོགས་པ་བོད་ལྗོངས་ནུས་རྒྱུ་མ་འཇོག་ཚད་ཡོད་ཀུང་སི་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཤར་ཆུ་གཙང་པོའི་རྒྱུག་ཁུལ་གྱི་ཆུ་གློག་འཆར་འགོད་བཟོ་བའི་ལས་དོན་དང་། དེ་བཞིན་འབྲི་ཆུ་དང་རྫ་ཆུའི་ཆུ་སྟོད་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ཆུ་ཤུགས་དང་ཉི་ནུས་གསབ་རེས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་2བསྐྲུན་རྒྱུའི་འཆར་གཞི་བཟོ་རྒྱུའི་ལས་དོན་ལ་སྐུལ་འདེད་བཏང་སྟེ་ཁེ་ལས་ལ་རྨང་གཞིའི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་དང་གོམ་སྟབས་རྗེས་མའི་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་བརྒྱུད། མིག་སྔར་སྐྲུན་བཞིན་པའི་གཤོལ་ཝ་ལུང་དང་། གཡེར་པ་ཐང་། འབའ་ཐང་། གླ་བ་བཅས་ཀྱི་གློག་ཁང་ལས་གྲྭ་བརྟན་པོའི་ངང་སྐྲུན་བཞིན་ཡོད་པ་དང་མགོན་མདོ་དང་། གཅོད་པ། ཝ་ཐོགས་བཅས་གློག་ཁང་ནས་རྒྱུན་གཏན་ལྟར་གློག་གཏོང་བཞིན་ཡོད་པ་རེད།

ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་པ།

“ལོ་ལྔ་ཚན་བཅུ་གཉིས་པའི”ཚུན། ཆབ་མདོ་གྲོང་ཁྱེར་གྱིས་རང་སྤྱོད་དང་ཕྱིར་གཏོང་གི་དམིགས་ཚད་ཆེན་པོ་གཉིས་ལ་དམ་པོར་དམིགས་ཏེ་ཧྭ་གློག་དང་། ཧྭ་ནུས། ཏ་ཐང་སོགས་ཆུ་ཤུགས་གློག་ཁང་གསར་སྤེལ་ཀུང་སི་དང་གཞོགས་འདེགས་ཧུར་ཐག་གིས“གཙང་གསུམ”རྒྱུག་ཁུལ་གྱི་ཆུ་ཤུགས་གློག་ཁང་གི་ཐོན་ཁུངས་གསར་སྤེལ་ཡག་པོ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་249བཏང་ནས“ནུབ་གློག་ཤར་གཏོང”གི་སྦྲེལ་མཐུད་ནུས་རྒྱུའི་རྟེན་གཞི་བསྐྲུན་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

རང་སྤྱོད་ཐད། ཆབ་མདོས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གཙོ་བོ་དང་འོད་ཤུགས་གློག་ཁང་འཛུགས་སྐྲུན་ཕལ་པར་བྱས་པ་དང་ཆབས་ཅིག གློག་དྲ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་དང་གློག་དྲ་ཁྱབ་ཚད་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་དུ་གློག་གཏོང་ཚད་མཐོ་རུ་ཧུར་ཐག་བཏང་བས་གློག་མེད་པའི་གྲོང་ཚོ་སྤྱིའི་ཆ་ནས་མེད་པར་གྱུར་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་སུ་གློག་དྲ་གཙོ་བོ་ཁྱབ་ཚད་92%ཟིན་ཡོད།

ཕྱིར་གཏོང་ཐད། ཆབ་མདོས་ལོ་15ནས་20བར་གྱི་དུས་ཚོད་ནང་ཆུ་ཤུགས་གློག་ཁང་གི་གློག་གཏོང་འཕྲུལ་འཁོར་གྱི་ཤོང་ཚད་ཆན་ཝ་ཁྲི་1800ཡན་ཟིན་རྒྱུའི་བརྩོན་ལེན་བྱས་ནས“ནུབ་གློག་ཤར་གཏོང”གི་ནུས་རྒྱུ་སྦྲེལ་མཐུད་རྟེན་གཞི་བསྐྲུན་ཏེ་བོད་ཤར་རྒྱུད་ཀྱི་གློག་ཤུགས་དག་ཁྲོམ་རའི་དགོས་མཁོ་ཆེ་བ་དང་གློག་རིན་མཐོ་པོ་སྤྲོད་ཐུབ་པའི་ཤར་རྒྱུད་དང་དབུས་རྒྱུད་ས་ཁུལ་དུ་གཏོང་རྒྱུ་ཡིན་པ་རེད།

འཛུགས་སྐྲུན་ལ་སྐུལ་མ་བཏང་བ་དང་སྦྲགས་འཛུགས་སྐྲུན་ཁེ་ལས་ཁག་གིས་ཀྱང“ཕྱོགས་གཅིག་ལ་ཕན་བདེ་སྐྲུན་པའི”གོམ་སྟབས་མགྱོགས་སུ་བཏང་ཞིང་། ན་ནིང་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱིས་རྒྱུག་ཁུལ་ལ་གཞིགས་ནས་དབུལ་སྐྱོར་རོགས་སྐྱོར་བྱས་པའི་ཆུ་ཤུགས་གློག་ཁང་གསར་སྤེལ་ཁེ་ལས་5ཡིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་1500དོན་འཁྱོལ་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་2བཏང་ནས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ། མང་ཚོགས་ཨར་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་འབབ་འཕར་སྒོར་ཁྲི་6700ལྷག་ཙམ་བྱུང་བ། རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད། མི་1284ལས་ཞུགས་གཞན་སྒྱུར་ལ་སྣེ་ཁྲིད་བྱས་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་3500ལྷག་ཙམ་བྱུང་ཡོད།

འགོ་འཛུགས་ས་གསར་པའི་ཐོག་ཆབ་མདོ་གྲོང་ཁྱེར་གྱིས་ཆུ་ཤུགས་གློག་ཁང་གཙོས་པའི་ཕྱོགས་བསྡུས་ནུས་རྒྱུའི་མ་ལག་སྐྲུན་མགྱོགས་སུ་བཏང་ནས“ནུབ་གློག་ཤར་གཏོང”གི་སྦྲེལ་མཐུད་ནུས་རྒྱུའི་རྟེན་གཞི་དང་ནུས་རྒྱུ་གཙང་མའི་ཁྲོམ་ར་སྟོབས་ཆེན་བསྐྲུན་རྒྱུར་ཤུགས་བརྒྱབ་ནས་རྒྱུག་ཆུ་འོད་ཆེམ་ཆེམ་དུ་འཕྲོ་བའི“མུ་ཏིག”ལ་བསྒྱུར་བ་དང་ཉི་འོད་རྒྱུ་ནོར་དུ་བསྒྱུར་བ་བྱས་ཏེ་བོད་ཤར་རྒྱུད་ཀྱི་རི་ཆུ་ཀླུང་གསུམ་དེ་བས་མཛེས་སྡུག་ལྡན་པར་འགྱུར་བ་བྱ་རྒྱུ་ཡིན་པ་རེད།