《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月06日

པེ་ཅིང་ནས་ཡོང་བའི་གྲོང་སྡོད་ཧྲུའུ་ཅི་དང་པོས་པར་རྒྱག་ལ་བརྟེན་ནས་ཡུལ་མི་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་མཚོན་ཐབས་བྱེད་པ།

↑འདི་ནི་ནང་སོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཧྭ་ཏེ་རྫོང་པའེ་དབྱིང་ཐེ་ལ་ཤང་པའེ་དབྱིང་ཐེ་ལ་གྲོང་ཚོ་ཡིན་པ།

↑འདི་ནི་ཝང་ཧྭ(གཡོན)ཡིས་པའེ་དབྱིང་ཐེ་ལ་གྲོང་ཚོའི་གྲོང་མི་ཀྲང་ལི་ཏོན(གཡས)གྱི་ཁྱིམ་དུ་བཟའ་ཚོ་གཉིས་ལ་ཉེ་དུས་ཀྱི་འཚོ་བའི་གནས་ཚུལ་འདྲི་བཞིན་པ།

↑འདི་ནི་པའེ་དབྱིང་ཐེ་ལ་གྲོང་ཚོའི་ཡུལ་མིའི་བྱེད་སྒོ་ཁང་དུ་ཝང་ཧྭ(གཡོན)ཡིས་པར་མ་བརྒྱབ་གོང་ཡུལ་མི་ཀྲའོ་ཀྲེན་མིང་ལ་གྱོན་གོས་ཀྱི་བཟོ་ལྟ་བཟོ་རོགས་བྱེད་བཞིན་པ།

ནང་སོག་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཧྭ་ཏེ་རྫོང་དེ་རང་རྒྱལ་གྱི་གཅིག་སྡུད་ཡུག་སྦྲེལ་ཁུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་14ཡི་གྲས་ཤིག་ཡིན་པའི“ཡན་ཧྲན་རི་བོའི—ཐའེ་ཧང་རི་ཁུལ”དུ་གནས་ཡོད་ཅིང་། 2017ལོར་ཝང་ཧྭ་ཀྲུང་དབྱང་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་དམིགས་འཛུགས་རོགས་སྐྱོར་བྱ་ཡུལ་ཧྭ་ཏེ་རྫོང་དུ་ཡོང་བ་དང་པའེ་དབྱིན་ཐེ་ལ་གྲོང་ཚོའི་གྲོང་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་བ་རེད། ལོ་4ཡི་རིང་། ཀྲུང་དབྱང་སྒྲིག་གཞི་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་འོག་ཝང་ཧྭ་དང་གྲོང་ཚོའི་ལས་བྱེད་པ་ཚོས་གྲོང་ཚོར་ཉི་ནུས་ལམ་སྒྲོན་བཙུགས་པ་དང་། ཡུལ་མིའི་སྡོད་ཁང་དུ་ཤེལ་ཁང་རྒྱག་པ། ཡུལ་མིའི་བྱེད་སྒོ་ཁང་སྐྲུན་པ་བཅས་བྱས་པ་མ་ཟད། ད་དུང་གྲོང་ཚོའི་སྣེ་ཁྲིད་དེ་ཡིག་ཚགས་བླུགས་སྣོད་དང་ཐུམ་སྒྲིལ་ཤོག་སྒམ་ལས་སྣོན་ཐོན་ལས་འཕེལ་རྒྱས་གཏོང་རོགས་བྱས་ནས་ཡུལ་མི་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་པས་གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་མེད་པའི་སྟོང་ཆ་གསབ་ཡོད་པ་རེད།

དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དུས་མཚུངས། ད་དུང་ཝང་ཧྭས་ཡུལ་སྲོལ་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་ཡུལ་མི་ཚོའི་ལས་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད། “དངོས་པོའི་ཆ་རྐྱེན་ཡག་ཏུ་ཕྱིན་པས་བསམ་པའི་དཔལ་ཡོན་ཡང་གཞན་གྱི་རྗེས་སུ་སྙེགས་ཐུབ་པ་བྱེད་དགོས”པར་བརྟེན་ནས། ཝང་ཧྭས་གྲོང་ཚོར་རིག་རྩལ་དྲིལ་བསྒྲགས་རུ་ཁག་བཙུགས་ནས་ཡུལ་མི་ཚོ་དེའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་འབྲེལ། དུས་ངེས་གཏན་དུ་རིག་རྩལ་འཁྲབ་སྟོན་བྱས་པ་རེད། ཡུལ་མི་ཚོར་པར་རྒྱག་པའི་ཐོག་མའི་བསམ་འདུན་སྐོར་བརྗོད་སྐབས། ཝང་ཧྭ་ཡིས“གྲོང་ཚོ་དང་དུད་ཚང་དུ་སྐྱོད་སྐབས་ཁྱིམ་ཚང་ཁག་གཅིག་ལ་ནང་མི་ལྷན་འཛོམས་ཀྱི་འདྲ་པར་གསལ་པོ་མེད་པ་མཐོང་སྐབས་སེམས་ནང་སྐྱོ་ལྷང་ལྷང་གི་སྣང་བ་ཞིག་བྱུང་། དེར་བརྟེན་ངས་པར་ཡག་པོ་ཞིག་བརྒྱབ་ནས་ཁོང་ཚོར་དྲན་རྟེན་ཞིག་འཇོག་འདོད་བྱུང”ཞེས་བརྗོད། ལོ་འདི་དག་རིང་། པར་རྒྱག་རྒྱུར་དགའ་བའི་ཝང་ཧྭས་ལས་ཀའི་ཞོར་དུ་གྲོང་ཚོའི་དུད་ཚང་ཚང་མར་པར་རྒྱག་རོགས་བྱས་ཡོད། ཝང་ཧྭ་ཡིས“ད་ཆ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཕྱིན་པས་གྲོང་མི་ཚོ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད། ངའི་ངོས་ནས་བརྗོད་ན་ཁོང་ཚོར་པར་ཡག་པོ་རྒྱག་རྒྱུ་ནི་དོན་སྙིང་ལྡན་པའི་བྱ་བ་ཞིག་རེད”ཅེས་བརྗོད།

2019ལོའི་ཟླ་3པར། ཝང་ཧྭའི་གྲོང་སྡོད་ཀྱི་དུས་ཚོད་འཐིམས་ནས་ལོག་དགོས་ཀྱང་པའེ་དབྱིང་ཐེ་ལ་གྲོང་ཚོའི་ཡུལ་མི་82ཀྱིས་ཁོང་མུ་མཐུད་དེ་གར་འདུག་པའི་རེ་ཞུ་བྱས་པ་རེད། “ཁོང་དང་གྲོང་མི་ཚོའི་དབར་གྱི་བརྩེ་སེམས་ཟབ་པ་དང་ཁོང་ནི་ཡུལ་མི་ཚོའི་ཡིད་ཆེས་བྱེད་ས་དང་རྒྱབ་རྟེན་ཡིན་པ་དང་། དེ་ནི་ཡུལ་མི་ཚོས་ཧྲུའུ་ཅི་ཝང་ལགས་ཀྱི་ལས་ཀར་ཁས་ལེན་བྱས་པ་ཞིག་རེད”ཅེས་པའེ་དབྱིང་ཐེ་ལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མོང་ཆིང་རུང་གིས་བརྗོད་པ་རེད།