《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月06日

ད་ལོའི་དབྱར་གསེང་དུ་ལྟ་སྐོར་སློབ་སྦྱོང་བྱེད།

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཅིན་དབྱི་ཆིང་།

སྔོ་ཞིང་དྭངས་བའི་ནམ་མཁའི་འོག འུར་རྡོ་ཁྱེར་ནས་ལུག་ཁྱུ་འཚོ་བ་ནི་སྨོན་ལྷའི་དེ་སྔའི་དབྱར་གསེང་གི་འཚོ་བ་རེད། འདི་ལོའི་དབྱར་གསེང་རིང་སྨོན་ལྷ་དེང་རབས་ཅན་གྱི་གནམ་དཔྱད་ཁང་དང་། རང་བྱུང་རྟེན་རྫས་བཤམས་མཛོད་ཁང་། བོད་ལྗོངས་སློབ་ཆེན་བཅས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པས་ཚན་རིག་གི་ཡིད་དབང་འཕྲོག་ཤུགས་ཚོར་ཡོད། དེ་ནི་ཁོང་གིས་དེ་སྔ་བསམ་བློར་འཁོར་མྱོང་མེད་པ་ཞིག་རེད།

སྨོན་ལྷའི་ཕ་ཡུལ་བོད་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ནས་ཡིན་པ་དང་ད་ཆ་ལྷ་སར་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད། ད་ལོ་ཁོང་གིས“གཞོན་ཆུ་ལོ་ཆུང་གི་མཐོ་སློབ་ཚན་རིག་སྒར་སའི”དབྱར་གསེང་བྱེད་སྒོར་ཞུགས་ཡོད།

“དེ་སྔ་འགྱུར་རྡོ་འདི་དག་སློབ་དེབ་ནས་མ་གཏོགས་མཐོང་མྱོང་མེད། ད་ཆ་མིག་གིས་དངོས་སུ་མཐོང་བྱུང་”སྨོན་ལྷས་དགའ་ཚོར་ཆེན་པོའི་སྒོ་ནས“ད་དུང་གཏུམ་འབྲུག་གི་དབྱིབས་དང་རི་སྐྱེས་སྲོག་ཆཌ་ཀྱི་དངོས་དཔེ་བཅས་དངོས་སུ་མཐོང་དུས་དངོས་འབྲེལ་ཧང་སང་དགོས་པ་ཞིག་འདུག”ཅེས་བཤད་བྱུང་།

ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་སྨོན་ལྷ་དེ་སྔ་དབྱར་གསེང་རིང་ལུག་འཚོས་ནས་སྡོད་ཀྱི་ཡོད། 2019ལོར་ལྷ་སར་ཡོད་པའི་མངའ་རིས་མཐོ་རིམ་སློབ་འབྲིང་དུ་རྒྱུགས་ལོན་པ་དང་སློབ་གྲྭ་དེ་ནི་བོད་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་ཡུལ་གཞན་དུ་གཉེར་བའི་མཐོ་རིམ་སློབ་འབྲིང་ཞིག་རེད།

ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་མངའ་རིས་ས་ཁུལ་གྱི་གནམ་གཤིས་ཆ་རྐྱེན་ཞན་པའི་ཁར་འགྲིམ་འགྲུལ་སྟབས་བདེ་མེད། ས་ཆ་དེ་གའི་སློབ་མར་མཐོ་འབྲིང་སློབ་གསོ་དེ་བས་ཡག་པོ་ཐོབ་ཆེད། 2014ལོར་སློབ་གྲྭ་མངའ་རིས་ས་ཁུལ་དང་བར་ཐག་སྤྱི་ལེ་1500ཡོད་པའི་ལྷ་སར་སྤོས་པ་རེད།

“མངའ་རིས་སུ་དམའ་འབྲིང་འགྲིམ་སྐབས་གུང་གསེང་རིང་པཱ་ལགས་ལ་ལས་ཀ་བྱེད་རོགས་བྱེད་དགོས་པ་མ་ཟད། ད་དུང་གཅུང་མོར་ལྟ་སྐྱོང་བྱེད་དགོས། དེ་དུས་སློབ་གྲྭའི་སློབ་གསེང་བྱེད་སྒོ་ཉུང་ཉུང་རེད” སྨོན་ལྷས“ད་རེས་ཀྱི་དབྱར་གསེང་ལ་སློབ་གྲྭས་ང་ཚོ་གནམ་དཔྱད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བོད་ལྗོངས་སློབ་ཆེན་སོགས་སུ་ལྟ་སྐོར་ལ་ཁྲིད་པས། དེ་སྔ་མཐོང་མྱོང་མེད་པའི་དངོས་པོ་མང་པོ་ཞིག་མཐོང་བ་མ་ཟད། ད་དུང་གྲོགས་པོ་གསར་པ་མང་པོ་ངོ་ཤེས་བྱུང་”ཞེས་གསར་འགོད་པར་བཤད་བྱུང་།

ལམ་ཐག་རིང་བ་དང་དབྱར་གསེང་གི་དུས་ཚོད་ཐུང་བའི་དབང་གིས་ལྷ་ས་མངའ་རིས་ས་ཁུལ་མཐོ་རིམ་སློབ་འབྲིང་གིས་དབྱར་གསེང་རིང་ཕྲུ་གུ་ཚོ་སློབ་གྲྭར་ཉར་རྒྱུའི་ཐག་བཅད། སློབ་མ་ཚོའི་དབྱར་གསེང་འཚོ་བ་གང་འདྲ་བྱས་ནས་དོན་སྙིང་དེ་བས་ལྡན་པ་ཡོང་བ་བྱ་རྒྱུ་ནི་སློབ་གྲྭའི་དགེ་རྒན་ཚོས་ཐོག་མཐའ་བར་གསུམ་དུ་བསམ་གཞིགས་བྱེད་པའི་གནད་དོན་ཞིག་རེད།

“ང་ཚོས་དེ་སྔ་དབྱར་གསེང་གི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་བྱེད་སྒོ་སྤེལ་མྱོང་ཡོད། འོན་ཀྱང་ད་ལོའི་གྲོང་ཁྱེར་ནང་དུ་ལྟ་སྐོར་སློབ་སྦྱོང་བྱེད་རྒྱུ་དེ་སློབ་མའི་ངོས་ནས་བརྗོད་ན་དོན་སྙིང་ཆེན་པོ་ལྡན་པ་ཞིག་རེད”རུ་སྣེ་ཁྲིད་མཁན་རྒན་ལི་ཅེས་ད་རེས་ཀྱི་བྱེད་སྒོ་དེ་དྲ་ཐོག་དང་དྲ་ཕྱི་གཉིས་ཀྱི་རྣམ་པར་དབྱེ་ཡོད་པ་སྟེ། དྲ་ཕྱིའི་ནང་དོན་ནི་གཙོ་བོ་ཚན་རིག་ཁྱབ་གདལ་ཁང་དང་། བོད་ལྗོངས་སློབ་ཆེན། བཙོག་ཆུ་གཙང་གསིང་བཟོ་གྲྭ་སོགས་སུ་ལྟ་སྐོར་བྱེད་རྒྱུ་དེ་ཡིན་པ་དང་། དྲ་ཐོག་གི་ནང་དོན་མང་ཆེ་བ་ནི་སློབ་ཆེན་དགེ་རྒན་ཚོ་དང་བརྙན་ལམ་བརྒྱུད་ནས་སྤེལ་རེས་བྱེད་རྒྱུ་དེ་ཡིན་ཞེས་བཤད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)