《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月06日

སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོབ་བྱེད།

—— དཔའ་ཤོད་རྫོང་ར་འོག་མཚོའི་མཛེས་ལྗོངས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་སྐོར་གྱི་ཟུར་བྲིས།

ལ་སྒོ་གྲོང་ཚོའི་འཁྱགས་རོམ་གཤམ་གྱི་ཁོར་ཡུག་སྲུང་སྐྱོང་གི་ལག་ལེན་དངོས།

བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། དཔའ་ཤོད་རྫོང་ར་འོག་མཚོའི་མཛེས་ལྗོངས་ཁུལ་དང་དེའི་ཉེ་འཁོར་དུ་ཁྱོན་སྐྱེ་དངོས་རིགས་58དང་། ཚན་ཁག་153 ཤིང་སྣ་312བཅས་ཡོད་པ་དང་། རི་སྐྱེས་སྲོག་ཆགས་རྒྱུད་པ་22དང་། ཁྱུ་ཚོགས་47 རིགས་112བཅས་ཡོད། དེའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རིགས་8དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་རིགས་17ཡོད།

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁར་ངོ་མཚར་ཅན་གྱི་བྲག་རྡོ་དང་། འཁྱགས་རོམ། མཚེའུ་སོགས་རང་བྱུང་ཁམས་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཡོད་པས་དཔའ་ཤོད་རྫོང་ར་འོག་གི་ཡུལ་ལྗོངས་ལ་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་དང་། ར་འོག་མཚོའི་མཛེས་ལྗོངས་ཁུལ་དེའང་རྒྱལ་ལམ་318རྒྱུད་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུར་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། གནའ་བོའི་འཁྱགས་རོམ་དུ་ཡུལ་སྐོར་བྱེད་མཁན་ཉིན་རེ་བཞིན་མང་དུ་འགྲོ་བ་དང་བསྟུན་ནས་ལ་སྒོ་གྲོང་ཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལའང་འགྲན་སློང་ཆེན་པོ་ཕྲད་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་འཕེལ་གྱིས“2019ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1.5ལ་སྣེ་ལེན་ཞུས་པ་ཡིན། དེ་ནི་བསྡོམས་རྩིས་རགས་ཙམ་བརྒྱབ་པ་ཞིག་རེད”ཅེས་གསར་འགོད་པར་བཤད་བྱུང་།

བསམ་སྐྱིད་སྒྲོལ་མ་ནི་ལ་སྒོ་གྲོང་ཚོར་བཅའ་སྡོད་ར་འོག་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་གྱི་ལས་དོན་རུ་ཁག་གི་རུ་དཔོན་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་ཡུལ་སྐོར་བ་མང་བའི་དུས་སུ་མང་ཚོགས་སྒྲིག་འཛུགས་བྱས་ནས་གད་སྙིགས་སྒྲུག་པ་དང་ཡུལ་སྐོར་བར་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུའི་དྲན་སྐུལ་ལས་དོན་ནི་གལ་ཆེན་ཞིག་ཡིན་ཞེས་བཤད།

གཟའ་འཁོར་རེར་གཅིག་སྡུད་ཐོག་འཕྲོད་བསྟེན་གཙང་སྦྲ་ཐེངས་རེ་བྱེད་པ་དང་ལས་ཀ་དེ་ལ་སྒོ་གྲོང་ཚོར་ལོ་ཁ་ཤས་རྒྱུན་འཁྱོངས་བྱས་ཡོད། བསམ་སྐྱིད་སྒྲོལ་མས། མིག་སྔར་གྲོང་ཚོ་ཡོངས་ཀྱི་སྣོད་བཅུད་ལས་གནས་སུ་མི་191ཡོད། གཅིག་སྡུད་གཙང་སྦྲ་བྱེད་སྐབས་གཉིས་ལྡན་དུད་སྦྲེལ་ཚན་པར་བྱས་ནས་མི་སྣ་སྒྲིག་འཛུགས་བྱས་ཏེ་ལྗོངས་གཟིགས་སྒང་དང་། མཚོ་འགྲམ། ལམ་ཐག་སྤྱི་ལེ་10ཙམ་བཅས་ཚང་མ་གཙང་བཤེར་བྱེད་ཁོངས་སུ་ཚུད་ཡོད་པ་མ་ཟད། ཐ་ན་འཁྱགས་རོམ་གཤམ་ཁུལ་དུའང་དུས་ངེས་གཏན་ངང་གཙང་སྦྲ་བྱེད་དགོས་ཀྱི་ཡོད་། 2019ལོར་གཙང་བཤེར་ཐེངས་3བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

2016ལོའི་ཟླ་བདུན་པ་ནས་བཟུང་ལ་སྒོ་གྲོང་ཚོར་གློག་ཤར་གཏོང་ཐུབ་རྗེས་གྲོང་ཚོར་གློག་སྤྱད་དེ་ཁ་ལག་བཟོ་མཁན་གྱི་གྲོང་མི་མང་དུ་ཕྱིན་ཡོད། མིག་སྔར་ལ་སྒོ་གྲོང་ཚོར་གློག་སྤྱད་ནས་ཁ་ལག་བཟོ་མཁན་ཁྱོན་ཡོངས་ལ་ཁྱབ་གདལ་བྱུང་བ་དང་སོལ་རླངས་ཐབ་སྤྱོད་མཁན་ཡང་དུད་ཚང་98ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་ལ་སྒོ་གྲོང་ཚོས་སྤུས་ལེགས་ཀྱི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་སྣོད་བཅུད་ཡུལ་སྐོར་གསར་སྤེལ་འཚོལ་ཞིབ་བྱས་ཏེ་མི་སེར་ལ་སྣོད་བཅུད་ཁྲོད་ནས་ཕན་པ་ཐོབ་ཡོད། ཆོས་འཕེལ་གྱིས་2019ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཏེ། སྤྱི་ཕན་མགྲོན་ཁང་དང་སྤྲོ་གསེང་རྟ་པ་རུ་ཁག་ལ་ཡོང་འབབ་སྒོར་ཁྲི་36ལྷག་ཙམ་བྱུང་ཡོད་ཅེས་བཤད།

ད་ཆ་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་ལ་སྒོ་གྲོང་ཚོའི་གྲོང་མིའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་བས་མང་ཚོགས་ལ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་པའི་གདེང་ཚོད་ཡོད།

ཆེད་ལས་བདག་སྐྱོང་ས་ཚིགས་ཀྱི་སྣོད་བཅུད་སྲུང་སྐྱོང་བ།

ར་འོག་གྲོང་རྡལ་གྱི་ཆེད་ལས་བདག་སྐྱོང་ས་ཚིགས་སུ་སྐྱོད་སྐབས་བདག་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་བྱམས་པ་མཁས་གྲུབ་དང་། བདག་སྐྱོང་བ་སྐར་མ་ཚེ་བརྟན་དང་བསྟན་འཛིན་ཉི་མ་ལས་རེས་འཁེལ་འདུག

ར་འོག་གྲོང་རྡལ་ཆེད་ལས་བདག་སྐྱོང་ས་ཚིགས་དེ་2015ལོར་བཙུགས་པ་དང་བདག་སྐྱོང་རྒྱ་ཁྱོན་སྤྱི་ཆིང་22164ཟིན་ཡོད། མིག་སྔར་བདག་སྐྱོང་བ་6ཡོད་པ་དང་ཁོང་ཚོའི་ཁྲོད་ཀྱི་ལོ་ཆེ་ཤོས་50དང་ལོ་ཆུང་ཤོས་26ཡིན།

བདག་སྐྱོང་སྐོར་གླེང་སྐབས་བྱམས་པ་མཁས་གྲུབ་ཀྱིས་ཆུ་རྒྱུག་རྒྱུག་ངང་སྐད་ཆ་མང་པོ་བཤད་བྱུང་། ཁོང་གིས་བདག་སྐྱོང་ས་ཚིགས་ཀྱི་འགན་འཁྲི་ནི་རྒྱུན་དུ་ནགས་ཚལ་ལ་སྐོར་གཡེང་དང་། ཕྱི་རོལ་མེ་སྤྱོད་ལ་དོ་དམ། དུས་ཐོག་ཏུ་མེ་སྐྱོན་གནས་ཚུལ་སྙན་སེང་། ནགས་ཚལ་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་བཀག་འགོག ནད་དང་གནོད་འབུའི་གནོད་འཚེར་ལྟ་ཞིབ་ཚད་ལེན་སོགས་བྱེད་རྒྱུ་དེ་ཡིན། མདོར་བསྡུས་ནས་བཤད་ན་བདག་སྐྱོང་ཁུལ་གྱི་སྣོད་བཅུད་བདེ་འཇགས་འགན་ལེན་བྱེད་རྒྱུ་དེ་ཡིན་ཞེས་བཤད།

རྒྱུན་དུ་ཉེན་ཟོན་སྐོར་གཡེང་བྱེད་སྐབས་ཁོང་ཚོས་རླངས་འཁོར་དང་སྦག་སྦག་གཏོང་བའམ་ཡང་ན་རྐང་ཐང་མར་སྐྱོད་ཀྱི་ཡོད། བྱམས་པ་མཁས་གྲུབ་ཀྱིས“ང་ཚོས་དུས་ཚོད་མང་ཆེ་བ་ཝ་པ་གྲོང་ཚོ་ནས་ལ་སྒོ་གྲོང་ཚོ་བར་དང་མཚོའི་རྒྱུད་ཀྱི་སྤྱི་ལེ་40ལྷག་ཙམ་བར་སྐོར་གཡེང་བྱེད་པ་དང་གཟའ་འཁོར་རེར་ཉུང་མཐར་ཡང་སྐོར་གཡེང་ཐེངས་གཉིས་བྱེད་ཀྱི་ཡོད་ཅེས་བཤད།

ལ་སྒོ་གྲོང་ཚོའི་ཤུག་རྐང་གཅིག་པུ་དེ་ནི་བདག་སྐྱོང་ས་ཚིགས་ཀྱིས་སྐོར་གཡེང་བྱེད་ས་གཙོ་བོ་ཞིག་རེད། དེ་ནི་ལོ་ངོ་800ཟིན་པའི་གནའ་ཤིང་ཞིག་ཡིན་པ་དང“ཚོད་དཔག་བྱས་ན་ར་འོག་གྲོང་ཚོའི་ཤིང་སྡོང་ཁྲོད་ཀྱི་ལོ་ན་མཐོ་ཤོས་ཀྱི་ཤིང་ཞིག་ཡིན”དེར་སྲུང་སྐྱོང་བྱ་ཆེད་བདག་སྐྱོང་ས་ཚིགས་ཀྱིས་ལྕགས་དྲ་སྐོར་ཡོད།

བདག་སྐྱོང་ས་ཚིགས་བཙུགས་ནས་ལོ་5སོང་རིང་། བདག་སྐྱོང་ཁུལ་དུ་ནགས་ཤིང་ལྐོག་གཅོད་དང་། རི་སྐྱེས་སྲོག་ཆགས་ལྐོག་རྔོན། རི་སྐྱེས་རྩི་ཤིང་ལྐོག་གཅོད། སྲོག་ཆགས་ཀྱི་རིམས་ནད་སོགས་ཀྱི་གནད་དོན་གཅིག་ཀྱང་ཐོན་མེད།

ར་འོག་གྲོང་རྡལ་གྱིས་སྣོད་བཅུད་སྲུང་སྐྱོང་བྱེད་རིང་ཡུལ་སྐོར་འཕེལ་རྒྱས་བཏང་བ།

ར་འོག་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། འདི་ལོའི་ཟླ་6ཚེས་5ནས་10ཉིན་བར། ར་འོག་གྲོང་རྡལ་གྱིས་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་། མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན། ར་འོག་གྲོང་སྡོད་ལས་དོན་རུ་ཁག ར་འོག་ལྟེ་བའི་སློབ་ཆུང་། སྒེར་གཉེར་ཚོང་དུད། ས་གནས་དེ་གའི་མང་ཚོགས་བཅས་1000ལྷག་ཙམ་སྒྲིག་འཛུགས་བྱས་ནས་འཕྲོད་བསྟེན་གཙང་སྦྲའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་། རྐོ་འདྲུའི་འཕྲུལ་འཁོར་5དང་སྐྱེལ་འདྲེན་རླངས་འཁོར་20ལྷག་ཙམ་བཏང་ནས་ཁྲོམ་གཞུང་གི་གད་སྙིགས་དང་དེ་བཞིན་ཨར་སྐྲུན་གད་སྙིགས་གཙང་བཟོ་དང་ས་ཁོད་སྙོམས་པ་དང་། མི་སྣ་སྒྲིག་འཛུགས་བྱས་ནས་གཞུང་ལམ་ལམ་རྒྱུད་ཀྱི་འགྱིག་སྙིགས་དང་། ལྕི་བ། ས་རྡུལ་བཅས་གཙང་སེལ་བྱས་པ། སྒེར་གཉེར་ཚོང་དུད་ཚང་མས་ཀྱང་ཚོང་ཁང་གི་སྒོ་འགྲམ་དང་མདུན་གྱི་གཞུང་ལམ་ལ་གཙང་སྦྲ་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་ར་འོག་གྲོང་རྡལ་གྱིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་ཚོང་འདུས་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་ལ་བརྟེན་ནས། “འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་གཏོང་བའི”བསམ་ཕྱོགས་གཏན་འཁེལ་བྱས་ནས་ལྗང་མདོག་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། དེར་བརྟེན 《ཡུལ་སྐོར་ལས་རིགས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ར་འོག་མཚོའི་མཛེས་ལྗོངས་ཁུལ་གྱི་ཇུས་གཞི》བཏོན་ནས་སྣོད་བཅུད་ཁོར་ཡུག་གི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་གདེང་འཇོག་དང“དུས་མཚུངས་གསུམ”གྱི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་ཡུལ་སྐོར་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་བཏང་སྟེ་ལྗང་མདོག་འཕེལ་རྒྱས་ཡོང་བ་བྱས་ཡོད།

ད་ཆ་གྲོང་རྡལ་དུ་ཁོར་ཡུག་སྲུང་སྐྱོང་རུ་ཁག་དང་། ཆེད་ལས་བདག་སྐྱོང་ས་ཚིགས། གད་སྙིགས་འདོན་མཁན་རུ་ཁག་བཅས་ཡོད་པ་དང་། གྲོང་ཚོར་གཙང་སྦྲ་བྱེད་མཁན་དང་། ནགས་སྲུང་བ། གད་སྙིགས་སྒྲུག་མཁན་བཅས་ཡོད། ད་ཆ་སྣོད་བཅུད་ཀྱི་འགག་རྩའི་གནས་དང་གནད་འགག་ཆེ་སར་ཆེད་ལས་མི་སྣས་འགོ་ཁྲིད་མཁན་ཡོད་པ་དང་ཆེད་མིས་རང་སར་ལས་རེས་བྱེད་ཀྱི་ཡོད། ར་འོག་གྲོང་རྡལ་དུ་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་ཆེན་པོ་ཞིག་རགས་ཙམ་ཆགས་ཡོད་ཅེས་བརྗོད་ཆོག

ནམ་མཁའ་དེ་བས་སྔོ་ཞིང་དྭངས་བ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་གཙང་། ཁོར་ཡུག་དེ་བས་མཛེས་པ་བཅས་ཀྱི་མཛེས་ཤིང་ལྟ་ན་སྡུག་པའི་ར་འོག་གི་ཡུལ་ལྗོངས་ཡུལ་སྐོར་བའི་མིག་ལམ་དུ་མངོན་བཞིན་མཆིས།

(སྒྱུར་ཞུས་པ་པ་སངས་སྒྲོན་ལགས་དང་རིག་འཛིན་རྡོ་རྗེ)