《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月04日

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་འཚོགས་པ།

ཡན་ཅིན་ཧའེ་ཕེབས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་9ཚེས་2ཉིན་གནས་ཚུལ་འབྱོར་གསལ། ཟླ་9ཚེས་1ཉིན་གྱི་དགོང་མོ། 《རླབས་ཆེན་གྱི་དར་ཆ》དང་། 《འོད་སྟོང་འབར་བའི་ལོ་རྒྱུས་ལམ་ཚད》 《རྔམ་བརྗིད་ལྡན་པའི་དམ་བཅའ》 《བདེ་སྐྱིད་ལྡན་པའི་བོད་ལྗོངས》 《ང་ཡི་སེམས་པ་ཏང་ལ་ཕྱོགས》 བཅས་ཆ་ཤས་5ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་མཚན་ཚོགས་ལྷ་སར་འཚོགས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་ཕེབས་པ་དང་འབྲེལ་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་པ་ལི་ཝུན་ཧན་དང་། རྡོ་རྗེ་ཚེ་སྒྲུབ། བཀྲ་ཤིས་ཟླ་བ། ངག་དབང་བཅས་ཀྱིས་འཁྲབ་སྟོན་ལ་ལྷན་དུ་གཟིགས་པ་རེད།

རིག་རྩལ་མཚན་ཚོགས་ཧྲིལ་པོའི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། ལྟད་མོ་ཆེ་བ། མཐོ་རླབས་ཡང་ཡང་འཕྱུར་བ་བཅས་ཡོད་ཅིང་། གླུ་གར《མའོ་ཀྲུའུ་ཞིས་མངགས་པའི་མི》དང་། 《མཁའ་ལམ》 《འབྱོར་འབྲིང་ཕུགས་འདུན་མངོན་དུ་གྱུར》 《བདེ་སྐྱིད་ལྡན་པའི་བོད་མི》བཅས་ལས་ལོ་55ཡི་སྐྱིད་སྡུག་མཉམ་མྱོང་དང་མཐུན་སྒྲིལ་ཡར་བརྩོན་ལ་སྤྲོ་སེམས་འཁོལ་བའི་བསྟོད་གླུ་བླངས་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ་བྱུང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་འབུངས་ཧུར་ཐག་དང་གསར་འབྱེད་གསར་གཏོད་ཀྱི་བསམ་པའི་ཉམས་འགྱུར་མངོན་ཐོག་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེའི་མེས་རྒྱལ་ཡག་བཅས་ཀྱི་དཔའ་ངར་ཆེར་བསྐྱེད་ཀྱི་དབྱངས་རྟ་སྐད་གསང་མཐོན་པོས་བླངས་པ་རེད། གནས་ཚུལ་དངོས་མཚོན་པའི་འཁྲབ་སྟོན《རེ་བས་ཁེངས་པའི་ཞིང་ས》དང་། 《འབད་འབུངས་སྟོབས་བརྩོན》《ནམ་ཡང་ཁྱེད་ཀྱི་རྗེས་སུ་འབྲངས》བཅས་མི་སེམས་གཡོ་བ་དང་འབད་འབུངས་མདུན་སྐྱོད་ལ་སྐུལ་མ་ཐེབས་པའི་གཏམ་རྒྱུད་རེ་རེ་བཞིན་ལ་བརྟེན་ནས་ས་མཐོའི་བུ་ཕྲུག་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པ་དེ་བཞིན་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྒུག་གསར་པ་བཅས་གསོན་ཉམས་དོད་པའི་ངང་བརྗོད་ཡོད་པ་རེད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) ལྟད་མོ་ཆེ་བའི་ལེ་ཚན་གྱིས་ས་གནས་ས་ཐོག་ཏུ་ཡོད་པའི་ལྟད་མོ་བ་ཚང་མར་གཡོ་འགུལ་ཆེན་པོ་ཐེབས་ནས་ཚོགས་རར་དགའ་བསུ་ཞུ་བའི་སྒྲ་ཡང་ཡང་གྲགས་པ་དང་ཚོགས་ར་ཡོངས་ཀྱིས《མེས་རྒྱལ་ལ་བསྟོད་གླུ་ལེན》པའི་མཉམ་གཞས་ལེན་བཞིན་མཚན་ཚོགས་མཇུག་འགྲིལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་རྩལ་མཚན་ཚོགས་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་55འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་གྲུབ་ཆ་གལ་ཆེན་ཡིན་ཞིང་། ཟླ་9ཚེས་3ཉིན་ནས་ཚེས་10ཉིན་བར་ལྗོངས་རིག་གནས་ཐིང་དང་ལྗོངས་སློབ་གསོ་ཐིང་གིས་རིག་རྩལ་མཚན་ཚོགས་ཀྱི་ཕུལ་བྱུང་འཁྲབ་ཚན་ཁག་གཅིག་སྒྲིག་འཛུགས་བྱས་ཏེ་སློབ་གླིང་དུ་རིག་རྩལ་འཁྲབ་སྟོན་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)