《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月03日

ཐུན་མོང་མ་ཡིན་པའི་ཐོན་ཁུངས་དབུལ་སྒྲོལ་ཕྱུག་འགྱུར་གྱི་གསེར་གཏེར་དུ་གྱུར་པ།

དཔལ་འབྱོར་ཉིན་རེའི་ཚགས་པར·ཀྲུང་གོ་དཔལ་འབྱོར་དྲ་བའི་གསར་འགོད་པ། ཏའེ་ལིན་དང་ཙིང་ཧྲི་དབྱང་།

མངའ་རིས་དང་གཞིས་རྩེ་གཉིས་ཀ་བོད་ཀྱི་ནུབ་རྒྱུད་དུ་གནས་ཡོད་ཅིང་། ཡངས་ཤིང་རྒྱ་ཆེ་བའི་ས་ཆ་དེར་སྣོད་བཅུད་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་སྒུལ་ཤུགས་ཆེ་བ། མི་རྣམས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད།

སྣོད་བཅུད་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོན་པ།

ཉེ་བའི་ལོ་ཤས་རིང་རི་འཛེག་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་མོད། འོན་ཀྱང་བོད་ཀྱིས་རི་འཛེག་མི་གྲངས་ལ་ཚོད་འཛིན་ནན་པོ་བྱས་པ་དང《ཇོ་མོ་གླང་མའི་རི་འཛེག་གད་སྙིགས་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བཏོན་ནས་རི་འཛེག་པ་རེས་གད་སྙིགས་སྤྱི་རྒྱ་8རེ་རི་གཤམ་དུ་དབོར་དགོས་པའི་བླང་བྱ་བཏོན་ཏེ་རི་འཛེག་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་ཧུར་ཐག་སྤེལ་བ་རེད། 2018ལོར། རང་རྒྱལ་གྱི་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་ཐོག་མ་སྟེ་བོད་ལྗོངས་ཧི་མ་ལ་ཡ་རི་མཐོའི་ཁོར་ཡུག་སྲུང་སྐྱོང་ཐེབས་རྩ་ལྷན་ཚོགས་བཙུགས་ཤིང་། ཐེབས་རྩ་ལྷན་ཚོགས་དང་དིང་རི་རྫོང་སྲིད་གཞུང་མཉམ་ལས་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་བསྡུས་ཏེ་རི་འཛེག་གད་སྙིགས་གཙང་སེལ་གྱི་བྱ་སྤྱོད་སྤེལ་ཡོད།

མིག་སྔར། ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ལམ་རྒྱུད་དུ་གད་སྙིགས་བརྒྱུད་འདྲེན་གཙང་སེལ་འཕྲུལ་ཆས་30དང་། གད་གཞོང་81 གསང་སྤྱོད་16བཅས་ཡོད། ཁོར་ཡུག་སྲུང་སྐྱོང་གི་གློག་སྒུལ་རླངས་འཁོར་20ཡིས་ཡུལ་སྐོར་བ་སྒར་ས་ཆེ་མོར་བསུ་སྐྱེལ་བྱེད་ཀྱི་ཡོད། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་338.1ཟིན་པ་དང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དང་། གཉའ་ནང་རྫོང་། སྐྱིད་གྲོང་རྫོང་བཅས་རྫོང་3དང་དེ་བཞིན་གཏིང་སྐྱེས་རྫོང་གི་ས་ཁོངས་ཁག་གཅིག་ཚུད་ཡོད་ཅིང་། ཤང(གྲོང་རྡལ)31གི་གྲོང་ཚོ(གྲོང་ལྷན)292དང་འབྲེལ་བ་ཡོད་པ་རེད། སྲུང་སྐྱོང་ཁུལ་དུ་དོ་དམ་སྲུང་སྐྱོང་ས་ཚིགས་20བཙུགས་པ་དང་ས་ཚིགས་རེར་ཆེད་ལས་དོ་དམ་སྲུང་སྐྱོང་རུ་མི་10ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། སྲུང་སྐྱོང་ཁུལ་གྱི་དིང་རི་དང་། གཏིང་སྐྱེས། གཉའ་ནང་། སྐྱིད་གྲོང་བཅས་རྫོང་4ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དེར་ལས་ཞུགས་བྱས་པས་རུ་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3བྱུང་ཡོད།

ཁྱད་ལྡན་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་བ།

ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་གཞིས་རྩེ་གྲོང་ཁྱེར་གྱིས་ཇོ་མོ་གླང་མའི་སྤུས་རྟགས་ཀྱིས་མིང་བཏགས་པའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་རེད།

མྱང་ཆུ་དང་ཡར་ཀླུང་གཙང་པོ་ཚང་མ་གཞིས་རྩེའི་ས་ཁོངས་སུ་རྒྱུག་གི་ཡོད། གཙང་ཆུའི་ལེགས་ཆ་ལས་གཞིས་རྩེ་བོད་ཀྱི་འབྲུ་མཛོད་དང་འབྲོག་རར་གྱུར་ཡོད། “དེ་སྔ་རྫོང་ཁག་སོ་སོའི་འཕེལ་རྒྱས་གཏོང་བའི་ཐོན་ལས་གཅིག་པ་མ་རེད། ད་ཆ་གྲོང་ཁྱེར་ཡོངས་ཀྱིས་ཇོ་མོ་གླང་མའི་སྐྱེ་ལྡན་འདེབས་གསོ་ལས་སྣོན་ཐོན་ལས་གཅིག་གྱུར་བཏོད་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཐོན་ལས་ཁོའོ་ཡི་ཁོའོ་ཀྲང་ཀྲང་ཡུས་ལེ་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་གྲོང་ཁྱེར་ཡོངས་ཀྱིས་ཀུང་སི་བཙུགས་ནས་མཉམ་ལས་ཁང་དང་གསོ་ཚགས་དུད་ཚང་ལ་ཚད་ལྡན་ཅན་གྱི་གསོ་ཚགས་མཛུབ་ཁྲིད་བྱས་ཏེ། ལག་རྩལ་གཅིག་གྱུར་དང་གསོ་ཚགས་ཀྱི་ཚད་གཞི་གཅིག་གྱུར་བྱས་ཁར་མཉམ་ལས་ཁང་དང་གསོ་ཚགས་དུད་ཆེན་དང་མ་མཐའི་ཉོ་སྒྲུབ་གྲོས་མཐུན་ནམ་ཡང་ན་མ་རྐང་ལ་འཇུག་པའི་གྲོས་མཐུན་བཞག་ཡོད་ཅེས་བརྗོད།

“གྲོང་ཁྱེར་ཡོངས་ཀྱིས་ཇོ་མོ་གླང་མའི་ལུག་གི་ཐོན་ལས་གཅིག་གྱུར་བཏོད་པ་དང་རྫོང་དུ་རྟེན་གཞི་ཆེ་གྲས་4ཡོད་པའི་ནང་གསོ་ཚགས་རྟེན་གཞི་གཉིས་དང་གཟན་རྩྭ་འདེབས་འཛུགས་རྟེན་གཞི་གཉིས་ཚུད་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་རྫོང་དཔོན་ཧུའུ་ཧུང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། སྐྱིད་གྲོང་རྫོང་གིས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་ཤུགས་ཆེན་བཏང་ནས་ཇོ་མོ་གླང་མའི་ལུག་གཞི་ཁྱོན་ཅན་གྱི་གསོ་ཚགས་མངོན་འགྱུར་བྱས་ཏེ། ལོ་རེར་ཆ་སྙོམས་གསོ་ཚགས་གཞི་ཁྱོན་ཁྲི་5ཡན་ཟིན་པ་དང་བཤས་གཏོང་ཚད་ཁྲི་3.5ཡན་ཟིན་པའི་བརྩོན་ལེན་བྱས་པ་རེད།

ཐོ་ལོ་ཐང་གསོ་ཚགས་རྟེན་གཞི་སྐྱིད་གྲོང་རྫོང་ཇོ་མོ་གླང་མའི་ཧོར་པ་ཕྱུགས་རྩྭ་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉེར་སྐྱོང་དོ་དམ་བྱེད་ཀྱི་ཡོད། ལུག་མ་རྐང་ལ་བཞག་ནས་གསོ་རོགས་བྱེད་དུ་བཅུག་པ་དང་། ས་ཞིང་འགན་གཙང་སྤྲད་ནས་མ་རྐང་ལ་ཞུགས་པ། ཁེ་སྤོགས་བགོ་བའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་སོགས་ཀྱི་རྣམ་པ་བརྒྱུད་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། “ཀུང་སི+རྟེན་གཞི+མཉམ་ལས་ཁང+ཞིང་དུད(དུད་ཚང་དབུལ་པོ)བཅས་ཀྱི”རྣམ་པ་རིམ་བཞིན་ཆགས་ཡོད། མིག་སྔའི་བར། མི་96གིས་ལུག་མ་རྐང་ལ་བཞག་ནས་གསོ་རོགས་བྱེད་དུ་བཅུག་ནས་ཀུང་སིའི་མ་རྐང་ལ་ཞུགས་པ་དང་། མི་8གཏན་འཇགས་ལས་ཞུགས་ཐུབ་པ། གནས་སྐབས་ལས་ཞུགས་ལས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་58ཀྱི་མི་138ལ་སྐུལ་ཁྲིད་བྱས་པར་མི་རེར་ཆ་སྙོམས་འབབ་འཕར་སྒོར་9000བྱུང་ཡོད།

བདེ་སྐྱིད་སྟོན་གྲངས་རྒྱུན་མཐུད་མཐོ་རུ་ཕྱིན་པ།

དབྱར་ཁའི་ས་སྲོས་སུ། མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་བདེ་སྐྱིད་གྲོང་གསར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆུང་གི་ཐང་ཆེན་དུ་དགའ་སྤྲོའི་སྙན་དབྱངས་རྟག་ཏུ་ཐོས་རྒྱུ་ཡོད་ཅིང་། སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་ཁུལ་ཆུང་གི་གྲོང་མི་ཚོས་སྒོར་གཞས་འཁྲབ་ཀྱི་ཡོད།

2016ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་བདེ་སྐྱིད་གྲོང་གསར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆུང་འཆར་འགོད་དང་འཛུགས་སྐྲུན་བྱས་པ་རེད། གཅིག་གྱུར་འཆར་འགོད་དང་སྒོ་ར་ཁེར་རྐྱང་གི་ཁང་པ་གསར་པ་714བསྐྲུན་པ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་། བུ་བཅོལ་ཁང་། ཚོང་ཁང་སོགས་ཀྱི་སྒྲིག་བཀོད་ཚང་མ་འཛོམས་ཡོད། མངའ་རིས་ཀྱི་རྫོང་7གྱི་མང་ཚོགས་དབུལ་པོ་སྡོད་ཁང་གསར་པར་སྤོས་ནས་འབྱོར་འབྲིང་གི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

2018ལོར་པད་མའི་ཁྱིམ་དགེ་རྒྱས་རྫོང་གཞུང་པ་ཤང་རྡོ་རིང་གྲོང་ཚོ་ནས་བདེ་སྐྱིད་གྲོང་གསར་དུ་སྤོས་པ་རེད། སྔོན་ཆད་རྩྭ་ར་མེད་པ་དང་ཐོན་སྐྱེད་རྒྱུ་ཆ་དཀོན་པའི་ཁར་ཚོང་ཙག་ཙིག་བརྒྱབ་ཀྱང་ཡོང་འབབ་ཡག་པོ་མེད་པས་པད་མའི་ཁྱིམ་གྱི་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཕྲད་ཡོད། 2019ལོའི་ཟླ་5པར་ཁོ་མོས་རང་ཉིད་ཀྱི་རླངས་འཁོར་འཁྲུད་ཁང་བཙུགས་པ་རེད། གསར་འགོད་པས་པད་མས་ནུས་ཤུགས་ཡོད་རྒུས་རླངས་འཁོར་འཁྲུད་བཞིན་པ་མཐོང་བ་དང་ཉིན་དེར་ཁོ་མོས་རླངས་འཁོར་བཅུ་ཙམ་བཀྲུས་པ་རེད། “དཀའ་ལས་ཁག་པོ་འདུག འོན་ཀྱང་སེམས་པ་ཧ་ཅང་སྐྱིད་པོ་འདུག རླངས་འཁོར་འཁྲུད་ཁང་འདི་ནི་དངུལ་ཁང་ནས་དབུལ་སྐྱོར་གྲངས་ཉུང་དངུལ་བུན་སྒོར་ཁྲི་5གཡར་ཏེ་བཙུགས་པ་ཡིན། ཚོང་ཡག་པོ་ཡོད་སྐབས་ཉིན་ལྟར་ཡོང་འབབ་སྒོར་800ནས་1000བར་ཡོང་གི་འདུག”ཅེས་བརྗོད།

ཚོང་ཡག་ཏུ་ཕྱིན་པ་དང་ཆབས་ཅིག པད་མས་ད་དུང་བདེ་སྐྱིད་གྲོང་གསར་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་3གླས་ནས་མི་རེར་ཟླ་རེར་གླ་ཆ་སྒོར་3000སྤྲོད་ཀྱི་ཡོད། སྔོན་ཆད། པད་མས་གཞན་གྱི་རོགས་སྐྱོར་ལ་རྟེན་དགོས་ཀྱི་ཡོད། ད་ཆ་ཁོ་མོས་དུད་ཚང་དབུལ་པོ་གཞན་གྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ཐུབ་པས་སྤོབས་སེམས་ཆེན་པོ་སྐྱེ་གི་ཡོད།

“མངའ་རིས་ས་ཁུལ་དུ་སྡེ་ལས་དང་ཁྱིམ་ལས་ཀུང་སི་ཅུང་དཀོན་པོ་ཡོད། ངས་ད་དུང་སྡེ་ལས་དང་ཁྱིམ་ལས་ཐད་ཀྱི་ཀུང་སི་ཞིག་བཙུགས་ཏེ་གནས་སྤོས་དུད་ཚང་དབུལ་པོའི་སྣེ་ཁྲིད་ནས་མཉམ་དུ་ཕྱུག་འགྱུར་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད་པ་དང་། པད་མས་ས་གནས་དེ་གའི་ཁྱིམ་ལས་ཁྲོམ་རར་བརྟག་དཔྱད་བྱས་ནས་རང་ཉིད་ཀྱི་བསམ་ཚུལ་དབུལ་སྐྱོར་སྡེ་ཚན་ལ་བརྗོད་པ་དང་འབྲེལ་དུས་འགོའི་གྲ་སྒྲིག་བྱེད་འགོ་ཚུགས་ཡོད། ཁོ་མོས“གནས་དེར་སྤོས་རྗེས་ཚོང་ཡག་ཏུ་ཕྱིན་པས་འཚོ་བ་དེ་བས་ལེགས་པ་སྐྱེལ་འདོད་པའི་འདུན་པ་ཡང་ཆེ་རུ་ཕྱིན་སོང་། བདེ་སྐྱིད་གྲོང་གསར་ནི་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ས་ཆ་ཡག་པོ་ཞིག་རེད”ཅེས་བློ་ཡིད་ཚིམ་པོས་བརྗོད།

(《དཔལ་འབྱོར་ཉིན་རེའི་ཚགས་པར》2020ལོའི་ཟླ་8ཚེས་31ཉིན་གྱི་པར་ངོས་བཅུ་པ་ནས་བརྒྱུད་འགོད་བྱས)