《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月03日

ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་ཚོང་དུད་ཁྲི་33ལྷག་ཙམ་ཟིན་པ།

དམངས་ཁྲོད་མ་འཇོག་ན་ནིང་གི་དུས་མཚུངས་ལས་63.7%འཕར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དམངས་ཁྲོད་མ་འཇོག་ན་ནིང་གི་དུས་མཚུངས་ལས་63.7%འཕར་བ་དང་། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་42.2ཀྱིས་མཐོ་བ་ཡོད་པ་རེད། འདི་ནི་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། ཚོང་གཉེར་ཁོར་ཡུག་བཟང་སྒྲིག་ཤུགས་ཆེན་ཐུབ་ནས། མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་ཆེར་ཕྱིན་པ་སོགས་དང་འབྲེལ་བ་དམ་ཟབ་ཡོད་པ་རེད།

རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། འདི་ལོ་ཚུན་དུ་རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་དང་ཚོང་པའི་དབར་གྱི་ཉེ་གཙང་འབྲེལ་བ་འཛུགས་པ་བཅས་ཀྱི་སྲིད་ཇུས་བྱེད་ཐབས་ཁག་གཅིག་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་། ཆུའི་ཐོན་ལས་འཕེལ་རྒྱས། བསམ་འཆར་མང་བའི་དམངས་གཉེར་ཁེ་ལས་ཀྱི་ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་ཞིབ་བཤེར་བཀག་ཉར་དང་། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་གནད་དོན་ལ་དམིགས་ནས་འབྲེལ་མཐུད་མཐུན་སྦྱོར་བྱས་པས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་ཡོད་པ་རེད། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོའི་ཚོང་དུད་ཁྲི་33.46ཟིན་ནས། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་ཁྲོམ་རའི་བྱེད་པོས་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་བསྡོམས་འབོར་གྱི་97%བཟུང་ཡོད་པ་རེད་ཅེས་བརྗོད་པ་རེད།