《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年09月03日

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་ལྗང་མདོག་སྲུང་ཡོལ་བརྟན་དུ་བཏང་བ།

—— དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ བསྟར་བྱས་པའི་སྐོར་གྱི་སྒྲིལ་གླེང་བདུན་པ།

འདི་ནི་སྙེ་མོ་རྫོང་གྲོང་ཉེ་འདབས་ཀྱི་གྲོང་གསེབ་ཀྱི་རྣམ་པ་ཡིན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཕྱོགས་བསྡུས་ཀྱི་བྱེད་ཐབས་སྤྱད་ནས་མཚོ་བོད་ས་མཐོའི་མཁའ་རླུང་སྦགས་བཙོག་གི་འབྱུང་ཁུངས་དང་ས་ཞིང་ཐང་རྒོད་ཅན་དུ་འགྱུར་རྒྱུ་ཚོད་འཛིན་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྩྭ་ཐང་དང་། འདམ་ར། རང་བྱུང་ནགས་ཚལ་བཅས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་དེ་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ནང་བརྟན་པོར་ངེས་ཡོད།

རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་བཏང་བ།

འདི་ལོའི་ཟླ་6ཚེས་9ཉིན། རང་ལྗོངས་ཀྱིས་གནམ་གྲུས་སོན་འདེབས་ནགས་བཟོ་བྱས་ཏེ་ཐོག་མར་ཕྱི་རོལ་དུ་སོན་འདེབས་ལས་དོན་ཚོད་ལྟའི་ངང་སྤེལ་འགོ་ཚུགས་པ་དང་། གནམ་གྲུས་སོན་བཏབ་སྟེ་གཞི་ཁྱོན་ཆེན་པོས་ནགས་ཚལ་འདེབས་རྒྱུར་འཚམ་པའི་རི་སྟེང་དུ་སྔོ་འགྱུར་བྱས་པ་དང་ཉིན་20ཡི་ནང་གནམ་གྲུ་ཐེངས་490བཏང་སྟེ་ལས་ཀ་ཆུ་ཚོད་130བྱས་ནས་ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་དུ་ཁྱོན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་21.76ཚོད་ལྟ་བྱས་པ་དང་། ཀྲུང་གོའི་གླ་ཚེར་དང་། བསེ་སྡོང་། མཛོ་ཤིང་། ངང་པ་ཆིག་ཐུབ། རྩྭ་མཁན་སྐྱ་སོགས་ཤིང(རྩྭ)གི་ས་བོན་ཏུན་119.3བཏབ་པ་རེད།

“འདི་ལོ་ནི་རང་ལྗོངས་ཀྱིས་གནམ་གྲུས་སོན་འདེབས་ནགས་བཟོའི་ཚོད་ལྟ་བྱེད་ཐེངས་དང་པོ་དེ་རེད། དེ་རྗེས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་རབ་དང་རིམ་པར་དམ་འཛིན་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་ལག་རྩལ་བྱེད་ཐབས་ཆ་ཚང་ཞིག་ཆགས་པར་བྱ་རྒྱུ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གལ་ཏེ་ལེགས་གྲུབ་བྱུང་ན་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཧུའུ་ཀྲི་ཀོང་གིས་བཤད།

གནམ་གྲུས་སོན་འདེབས་ནགས་བཟོ་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ཡོང་བ་བྱས་པ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཤུགས་ཆེན་སྐྲུན་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད》ལག་བསྟར་གཏིང་ཟབ་བྱས་ནས་2019ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་117བཏང་སྟེ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་རིགས་ཆེ་གྲས་གསུམ་གྱི་ལས་གྲྭ་ཁག་10ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

བསྡོམས་རྩིས་བྱས་པ་ལྟར། མིག་སྔར་རང་ལྗོངས་ཀྱི་རྩ་ཆེ་ལ་དཀོན་པའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཁག་གཅིག་སྲུང་སྐྱོང་ཁུལ་དུ་སླར་གསོ་རང་བཞིན་གྱི་མང་དུ་ཕྱིན་ཏེ་གཙོད་ཁྱུ་ཚོགས་ཀྱི་གྲངས་འབོར་ཁྲི་20ཙམ་བར་མང་དུ་ཕྱིན་པ་དང་། འབྲོང་གི་གྲངས་འབོར་ཁྲི་1ལྷག་ཙམ་འཕར་བ། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་8000ལྷག་ཙམ་བར་མང་དུ་ཕྱིན་པ། ཡུན་ནན་གྱི་སྤྲེའུ་སྤུ་སེར་གྱི་གྲངས་འབོར་700ལྷག་ཙམ་བར་མང་དུ་ཕྱིན་པ། བོད་ཀྱི་ཤྭ་བ་སེར་ཆེན་གྱི་སྤྱི་འབོར་1000ལྷག་ཙམ་ཟིན་ཡོད།

མཐའ་ཚད་དང་དམར་ཐིག་ལ་བརྟེན་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱས་པ།

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ཁུར་བ་དང་བྱ་སྤྱོད་སྤེལ་ནས་ལྗང་མདོག་གི་ཚད་གཞི་ནན་སྲུང་དང་སྣོད་བཅུད་ཀྱི་དམར་ཐིག་བརྟན་སྲུང་བྱས་ཏེ་སྣོད་བཅུད་ཁོར་ཡུག་བློས་གཏོང་བྱས་ནས་གནས་སྐབས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་ཐབས་གཏན་ནས་མ་བྱས་པར་སྔ་རྗེས་སུ《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང་། 《བོད་རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོང་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་སྐུལ་དོ་དམ་བྱ་ཐབས》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྲིད་གཞུང་གི་སྒྲིག་སྲོལ་30ལྷག་ཙམ་སྔ་རྗེས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་ནས་འཐུས་སྒོ་ཚང་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་མ་ལག་བཙུགས་ཡོད། འདི་ལོའི་ཟླ་6པར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས《རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས》དང《རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བསྟུད་བཀྲམ་སྟེ་རང་ལྗོངས་ཀྱིས“བྱ་སྤྱོད་ཆེན་པོ་དྲུག”ཤུགས་ཆེན་སྤེལ་རྒྱུ་དང“ལས་གྲྭ་བཅོ་བརྒྱད”ལག་བསྟར་གཏིང་ཟབ་བྱས་ནས་བོད་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

2019ལོའི་ལོ་མཇུག་བར་བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་22བསྐྲུན་ཡོད། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་269དང་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ་3087བསྐྲུན་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། འདམ་གཞུང་རྫོང་གིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་བཏོད་པ། ལྷུན་རྩེ་རྫོང་དེ་ཉིད“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞིར་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད།

“སྔོ་ཞིང་དྭངས་བའི་རི་ཆུ”བརྟན་པོ་བསྲུངས་ནས“གསེར་རི་དངུལ་རིར”འགྱུར་བ་བྱས་པ།

1998ལོར། ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོར་སྡོད་མཁན་ཕུན་ཚོགས་ཀྱིས་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་བཙུགས་པ་དང་ལོ་དེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་བྱུང་ཡོད། འཕེལ་རྒྱས་གཏོང་རིང་། ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ཉལ་ཁྲི་དེ་ཐོག་མའི་8ནས་ད་ཆའི་70ལྷག་ཙམ་བར་མང་དུ་ཕྱིན་པ་དང་ལོའི་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ནས་ད་ཆའི་སྒོར་ཁྲི་50ལྷག་ཙམ་བར་མང་དུ་ཕྱིན་ཡོད།

ཉེ་བའི་ལོ་ཤས་རིང་། ཕུན་ཚོགས་ཁྱིམ་གྱི་འགྱུར་ལྡོག་མཐོང་བས། ཉེ་འཁོར་གྱི་གྲོང་མིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད། རི་སྔོ་ཆུ་དྭངས་ཀྱི་དྲིན་ལས་ཀླུ་ནང་གྲོང་རྡལ་གྱི་མི་སེར་ཚོས་སྣོད་བཅུད་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་ཡོད།

རང་ལྗོངས་སུ་ཀླུ་ནང་གྲོང་རྡལ་གྱིས“སྔོ་ཞིང་དྭངས་བའི་རི་ཆུ”བརྟན་པོ་བསྲུངས་ནས“གསེར་རི་དངུལ་རིར”འགྱུར་བ་བྱས་པའི་དཔེ་མཚོན་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་ལས་ཞིང་འབྲོག་མང་ཚོགས་ལ“ལྗང་མདོག”གི་ཕན་པ་དེ་བས་མང་བ་ཐོབ་ཡོད།

ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མག་མང་མོན་པ་མི་རིགས་ཤང་གི་སྣོད་བཅུད་བཟང་པོས་ཡུལ་སྐོར་བ་ཚོའི་ཡིད་དབང་འཕྲོག་ཡོད། མོན་པ་རིགས་ཀྱི་སྒྲོལ་མས་ཞིང་པའི་སྤྲོ་སྐྱིད་ཁང་བཙུགས་པ་དང་ཁོང་གི་ཁྱིམ་གྱིས་ད་དུང་དེ་སྔོན་གྱི་བུ་ལོན་འཇལ་ཟིན་པ་མ་ཟད། ད་དུང་ཕི་ཁ་རླངས་འཁོར་ཡང་ཉོས་ཡོད། ད་ཆ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད།

སྣོད་བཅུད་ཤེས་དཔལ་གྱི་རླབས་རྒྱུན་དགུང་དུ་འཕྱུར། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་དར་འགོ་ཚུགས། འགོ་འཛུགས་ས་གསར་པའི་ཐོག་ས་མཐོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་རྟོགས་ངང་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དེ་ཕྲག་ཏུ་ཁུར་ཏེ་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ཐོག་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བཞིན་ཡོད།

(སྒྱུར་ཞུས་པ་བསྟན་བློ་དང་མཚམས་གཅོད)